ཟླ་༢ པའི་ནང་རྒྱ་གར་གྱི་དངུལ་འདོན་ཚད་གཞི་སྤར་རྒྱུ།

ཟླ་འདིའི་ཚེས་༨ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་དངུལ་ལོར་གསར་བརྗེ་དང་བསྟུན་ནས། ད་ལྟའི་ཆར་བདུན་རེར་དངུལ་འདོན་འཕྲུལ་ཆས་སམ་དངུལ་ཁང་ནས། ཧིན་སྒོར་༢༤༠༠༠ ལས་མང་བ་འདོན་ཆོག་གི་མེད་ཀྱང་། ཟླ་༢ པའི་ཚེས་༢༠ ནས་དངུལ་འདོན་གྱི་ཚད་བཀག་དེ་༥༠༠༠༠ ལ་སྤར་རྒྱུ་ཡིན་འདུག དེ་བཞིན་ཟླ་༣ པའི་ཚེས་༡༣ ནས་དངུལ་འདོན་གྱི་ཚད་བཀག་མེད་པ་བཟོ་རྒྱུ་ཡིན་སྐོར་རྒྱ་གར་དབུས་དངུལ་ཁང་གིས་བརྗོད་ཡོད་འདུག

16684514_1406309526059579_1414063838_nཕྱི་ལོ་༢༠༡༦ ལོའི་ཟླ་༡༡ པའི་ཚེས་༨ ཉིན་རྒྱ་གར་གྱི་སྲིད་བློན་མི་ཌི་ཡིས། རྒྱལ་ནང་དུ་ལྐོག་ཟ་རུལ་སུངས་དང་དཔྱ་ཁྲལ་ལ་གཡོལ་བའི་དངུལ་རྣམས་གཙང་མ་བཟོ་ཆེད། ཧིན་སྒོར་༥༠༠ དང་༡༠༠༠ ལོར་གཉིས་གཏོང་ལེན་བྱེད་རྒྱུ་མེད་པའི་ཡོངས་བསྒྲགས་གསལ་བསྒྲགས་བྱས་ཏེ། ཧིན་སྒོར་༢༠༠༠ དང་༥༠༠ ལོར་གསར་པ་བཏོན་ཡོད་ཀྱང་། འཆར་གཞི་གྲ་སྒྲིག་པོ་མེད་པ་དང་དངུལ་ཁང་ཁག་ཏུ་དངུལ་ལོར་གསར་པའི་ཁ་གྲངས་ཉུང་དྲགས་རྐྱེན། མི་མང་རྣམས་ལ་ཉིན་རེའི་བཟའ་བཏུང་གི་དངུལ་མ་རག་པ་དང་། ཚོང་ལས་སྡེ་ཚན་རྣམས་སུ་འགྲོ་རྒྱུག་ཉམས་པ་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་ཡོད་པ་རེད། ད་ལྟའི་ཆར་དངུལ་ལོར་གསར་པའི་ཁ་གྲངས་མང་དུ་ཕྱིན་ནས། དེ་སྔོན་གྱི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཡོད་ཀྱང་། དངུལ་ལོར་གསར་བརྗེ་ཡིས་རྒྱ་གར་གྱི་དཔལ་འབྱོར་ལ་གྱོང་གུན་ཐེབས་ཡོད་པ་ཞིབ་འཇུག་ཐོག་ནས་ཚད་གཞི་གསལ་པོ་ཞིག་ད་ལྟའི་ཆར་ཤེས་རྟོགས་བྱུང་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 495

Leave a Reply