དྷ་ས་ས་གནས་འགོ་འཛིན་གསར་པ་ཟླ་བ་རིན་ཆེན་ལ་བཅར་འདྲི།

13866727_1226175384072995_529531133_nདྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལ་ས་འགོའི་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པ་དང་། ད་ལྟ་ལས་འགོ་བཙུགས་ནས་ཟླ་༢ ཙམ་འགྲོ་བཞིན་ཡོད་པ་རེད། ཁོང་ནི་དྷ་སའི་མི་རྙིང་གྲས་ཤིག་དང་ཧིན་བོད་མཛའ་འབྲེལ་ཚོགས་པར་ལས་ཀ་ཡུན་རིང་བྱེད་མྱོང་ཡོད་པ་དང། ཁོང་ལ་དྷ་ས་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག འདི་གའི་གསར་འགོད་པས་ཟླ་༨ པའི་ཚེས་༥ ཉིན་བཅར་འདྲི་བྱས་པ་ཡིན།

དྲི་བ། སྐུ་ཉིད་ཀྱིས་དྷ་ས་ས་གནས་འགོ་འཛིན་གྱི་ལས་འགན་འཁུར་ནས་ཟླ་༢ ཙམ་འགྲོ་ཡི་ཡོད་པས། དེའི་རིང་ཁྱེད་རང་ལ་མྱོང་ཚོར་གང་བྱུང་ཡོད་པ་དང་། ལས་དོན་ག་རེ་ཐོག་ལ་ལས་ཀ་བྱས་ཡོད་པ། དེ་བཞིན་དཀའ་ངལ་གང་འཕྲད་ཡོད་མེད་བཅས་ཀྱི་ཐོག་ལ་ངོ་སྤྲོད་ཅིག་གནང་རོགས།
ལན། ཚོར་བའི་ཐོག་ནས་བཤད་ན། ང་རང་སྤྱི་ཚོགས་དང་འབྲེལ་བའི་མི་ཞིག་ཡིན་དུས། སྤྱི་ཚོགས་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་ལ་ཚོར་བ་ཡོད། དྷ་སའི་ཁྱབ་ཁོངས་ཀྱི་བོད་མི་གནས་སྡོད་ཁྲི་གཉིས་ལྷག་ཡོད་པ་རྣམས་ཀྱི་འགན་དེ་ང་ལ་ཡོད་པས། ལས་ཀ་བྱེད་ཕྱོགས་ཐད་འགན་ཆེན་པོ་ཞིག་ཡོད་པའི་ཚོར་བ་བྱུང། དཀའ་ངལ་ཐོག་ནས་བཤད་ན་ང་རང་སྒེར་ལ་དཀའ་ངལ་གང་ཡང་མི་འདུག འོན་ཀྱང་སྤྱི་ཚོགས་ནང་ལ་མི་སྒེར་དང་ཚོགས་པ། ཁྱིམ་ཚང་། དེ་བཞིན་རྒྱ་གར་ཡུལ་མི་དང་ཁང་བདག་སོགས་དང་འབྲེལ་བའི་དཀའ་ངལ་སོགས་ཡོང་གི་ཡོད་པ་རེད། ལྷག་པར་དུ་འཕྲོད་བསྟེན་ཐོག་ནས་སྨྱོ་རྫས་ལོངས་སུ་སྤྱོད་མཁན་ཡོད་པའི་དཀའ་ངལ་ཞིག་ཡོད་རེད། དེ་དང་འབྲེལ་བའི་ཞིབ་འཇུག་བྱེད་རྒྱུ་དང་། གཙང་སེལ་བྱེད་རྒྱུ། དོ་བདག་དེ་ཚོ་སྨན་གཏུག་བྱེད་རྒྱུ་དང་ས་གནས་ས་ཐོག་ལ་སྐྱེལ་རྒྱུའི་གནད་དོན་དང་འབྲེལ་བ་ཡོད་རེད། དེ་བཞིན་ཁག་ཅིག་ཛ་དྲག་གི་ནད་པ་ཆགས་པའི་དཀའ་ངལ་ཡོང་གི་ཡོད་པས། དེ་དག་ལ་མཐུན་རྐྱེན་སྦྱོར་རྒྱུ་སོགས། གནད་དོན་མི་འདྲ་བ་རེ་ལ་དཀའ་ངལ་མི་འདྲ་བ་རེ་ཡོད་པས། དེ་དག་ལ་གདོང་ལེན་བྱེད་དགོས་རེད།
ད་ལྟའི་ཆར་ལ་དྷ་སར་དཀའ་ངལ་ཆེ་ཤོས་ཤིག་ནི་མི་ཚང་༢༡༨ ཀྱི་ཁང་པ་ཤིང་ནགས་ཀྱི་ས་ཆར་ཆགས་བསྡད་ཡོད་པ་དེ་རེད། དེའི་ཐོག་ལ་རྒྱ་གར་དབུས་གཞུང་གི་ཁྲིམས་ཁང་གིས་གུ་ཡངས་ཐོབ་ནས་ཆོག་མཆན་གནང་རྒྱུའི་ཆ་རྐྱེན་ཞིག་བསྐྲུན་ཡོད་དུས། ལས་གཞི་འགྲོ་བཞིན་པ་དང་དེའི་ཐོག་ལ་རྒྱ་གར་ཤིང་ནགས་ལས་དོན་གྱི་དཔོན་པོ་དང་དྷ་ས་ས་གནས་འགོ་འཛིན། དྷ་སའི་ཁུལ་གྱི་རྒྱ་གར་དཔོན་པོ་མཐོ་གྲས་ཁག་ཅིག་སོགས་མི་ལྔ་དྲུག་གི་ཚོགས་ཆུང་ཞིག་བཙུགས་ནས། ཚོགས་འདུ་རིམ་པ་འཚོགས་ནས་ཡིག་ཆ་དང་ཁྲིམས་ཐོག་ནས་ས་ཆའི་ཁུངས་དེ་གཏན་འབེབས་གང་འདྲ་བྱེད་དགོས་མེད་ཐོག་ལ་གྲོས་བསྡུར་བྱེད་བཞིན་པ་རེད། དེ་བཞིན་དྷ་ས་ཁུལ་གྱི་བོད་མི་ཐང་ཁྲོམ་གྱི་ཐོག་ལ་ཞུས་ན། ངས་ཡིག་ཆ་རྙིང་པ་མང་པོ་ཞིག་བསྔོགས་དུས་ཐང་ཁྲོམ་མི་ཚང་གི་ཐོ་གྲངས་འདྲ་མིན་འདུག འོན་ཀྱང་ཕྱི་ལོ་༢༠༡༢ ལོར་ཀང་རཱ་རྫོང་དཔོན་གྱིས་ནང་སྲིད་ལས་ཁུངས་བརྒྱུད་ནས་ཆོག་མཆན་གནང་བའི་ཁྲོད་ནང་མི་༡༢༩ ཡི་ཐོ་གྲངས་འདུག རྗེས་སུ་དྷ་ས་ས་གནས་འགོ་འཛིན་བརྒྱུད་ནས་ནང་མི་༡༠ ལ་གསར་དུ་ཆོག་མཆན་ཐོབ་ཡོད་པ་རེད། དེ་དང་འབྲེལ་ནས་དྷ་ས་དེ་ཉིད་རྒྱ་གར་གྱི་དེང་དུས་གྲོང་ཁྱེར་གྱི་ལས་འཆར་ནང་ཚུད་ཡོད་པས། དེང་དུས་གྲོང་ཁྱེར་ནང་ཐང་ཁྲོམ་སྟོན་མཁན་གྱི་དཀའ་ངལ་སེལ་ཐབས་ལ་ལས་འཆར་ཞིག་འགྲོ་བཞིན་ཡོད། མ་འོངས་པར་དེའི་དཀའ་ངལ་སེལ་བའི་རེ་བ་ཆེན་པོ་ཡོད་རེད།
དཀའ་ངལ་གཞན་ཞིག་ནི་དྷ་སར་ལོ་ངོ་༣༠ ལྷག་གནས་སྡོད་བྱེད་མཁན་མི་ཚང་༡༨ ཀྱི་ལྕགས་ཁང་པ་ཡོད་རེད། ཁོང་ཚོའི་ས་ཆ་དེའི་བདག་པོ་རྒྱ་གར་སྒེར་ཁ་ཤས་འདུག་པས། བོད་མི་དེ་དག་ལ་ཁང་པ་བཟོ་བཅོས་བྱེད་མི་ཆོག་པ་དང་། དེར་སྡོད་མི་ཆོག་ལྟ་བུ་བརྗོད་ཀྱི་ཡོད་པའི་དཀའ་ངལ་ཡོད་རེད། དེ་ཚོ་ལམ་སེང་རྒྱུགས་ལབ་པ་དང་འགྲོ་དགོས་པ་ཞིག་ཆགས་ཀྱི་མེད་པར།  ཁྲིམས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས། དེ་ཚོར་ང་ཚོས་བཀའ་མོལ་ཞུ་མུས་ཡིན། དེ་བཞིན་སྨྱོ་རྫས་ལོངས་སུ་སྤྱོད་མཁན་གྱི་གནད་དོན་ཐོག་ལ་ཞུས་ན། ཞིབ་འཇུག་བྱས་པ་བརྒྱུད་མི་གྲངས་༡༩ འདུག དེ་དག་དང་འབྲེལ་བའི་ཡིག་ཆ་བཟོས་ནས་ནང་སྲིད་དང་འཕྲོད་བསྟེན། བདེ་སྲུང་ལས་ཁུངས་བཅས་ལ་ཕུལ་ཡོད་རེད། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་དེ་ནང་སྲིད་ཀྱི་ཁྱབ་ཁོངས་ཡིན་པས་ཡིག་ཆ་དེ་ཕུལ་བ་རེད། འཕྲོད་བསྟེན་ལས་ཁུངས་ཀྱིས་དོ་བདག་དེ་ཚོར་སྨན་གཏུག་གི་མཐུན་རྐྱེན་སྦྱོར་གྱི་ཡོད་རེད། བདེ་སྲུང་ལས་ཁུངས་ཀྱིས་དོ་བདག་དེ་ཚོ་ཁ་ཤས་ལ་སྐྱབས་བཅོལ་ལག་དེབ་དང་དཔྱ་ཁྲལ་ལག་དེབ་མེད་པ། ཁ་ཤས་ཀྱིས་བོར་བརླག་བཏང་བ་སོགས་ཀྱི་དཀའ་ངལ་འདུག་པས། མཐུན་རྐྱེན་སྦྱོར་གྱི་ཡོད་རེད། དེ་དག་ནས་མི་༢ གཉིས་རང་མོས་ཐོག་ནས་རང་གནས་སྦིར་དང་མོན་གྷོ་ཊི་ལ་ལོགས་སོང་། རེ་ཟུང་རྡེ་རུ་རྡུན་གྱི་སྨྱོ་རྫས་ངན་གོམས་རྣམས་ལ་སྨན་བཅོས་ཆེད་ཀྱི་གསོ་ཁང་ཞི་བདེ་ཁང་གསར་ལ་བཏང་ཡོད།

དྲི་བ། དེང་སང་དྷ་ས་དེ་ཉིད་ཡུལ་སྐོར་སྤྲོ་འཆམ་ཤིན་ཏུ་མང་པོ་ཡོང་སའི་ས་གནས་ཤིག་ཆགས་ཡོད་པས། དྷ་སའི་བོད་མིའི་བདེ་འཇགས་ཀྱི་ཐོག་ལ་ལས་དོན་འདྲ་གནང་གི་ཡོད་དམ།ལན། ངའི་བསམ་ཚུལ་ལ་དྷ་སའི་བདེ་འཇགས་ཀྱི་གནད་དོན་དེ་ས་གནས་འགོ་འཛིན་གཅིག་པུའི་འགན་མིན་པར། ཚོགས་པ་ཁག་དང་མི་མང་ཚོའི་འགན་ཡང་ཆགས་ཀྱི་ཡོད་རེད། དྷ་ས་དེ་ཉིད་སྔར་དང་མི་འདྲ་བར་ཡུལ་སྐོར་སྤྲོ་འཆམ་པའི་ཁྲོམ་རྭ་ཆེན་པོ་ཞིག་ཆགས་ཡོད་དུས། དཔལ་འབྱོར་ཡར་རྒྱས་ཡོང་གི་ཡོད་རེད་དེ། དེ་དང་འདྲ་བའི་ས་གནས་གཞན་ལྟར། དཔལ་འབྱོར་ཡར་རྒྱས་དང་མཉམ་དུ་ལས་ཀ་སྡུག་ཅག་གི་གནས་ཚུལ་ཡང་མང་དུ་འགྲོ་ཡི་ཡོད་དུས། དྷ་སའི་མི་མང་གི་བདེ་འཇགས་ཀྱི་འགན་དེ་ས་གནས་འགོ་འཛིན་ལའང་ཡོད་པས། རྒྱུན་དུ་རྒྱ་གར་ཉེན་རྟོག་པ་དང་རྒྱ་གར་གསང་བའི་ལས་ཁུངས། ང་ཚོའི་བདེ་སྲུང་ལས་ཁུངས་སོགས་དང་མཉམ་དུ་འབྲེལ་བ་དང་། ལྟ་ཞིབ་བྱེད་ཀྱི་ཡོད།  དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་སླེབས་དུས་ཁོར་ཡུག་ཐོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དྷ་སའི་ཁོར་ཡུག་གཙང་བཟོའི་ལས་ཀ་དེ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་དྷ་ས་གྲོང་རྡལ་ལས་ཁུངས་ལས་བོག་མར་བླངས་ཡོད་པས། ང་ཚོའི་ཁོར་ཡུག་ཚན་པས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཁོར་ཡུག་སྦག་བཙོག་མི་བཟོ་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་རྒྱུའི་ལས་གཞི་ཞིག་བཟོ་བཞིན་ཡོད།།

དྲི་བ། ལོ་སྔོན་མར་བོད་མི་ཞིག་ལ་རྒྱ་གར་བ་གསུམ་གྱིས་གྲི་བརྒྱབ་སྟེ་བསད་པའི་གནད་དོན་ཐོག ཁྲིམས་ཐོག་ནས་གནས་སྟངས་ག་འདྲ་ཆགས་ཡོད་རེད།
ལན། ས་གནས་འགོ་འཛིན་ལ་ས་གནས་མི་མང་གི་བདེ་སྡུག་དང་གནས་ཚུལ་དེའི་རིགས་ཐོག་འགན་ཡོད་པ་རེད་དེ། གནས་ཚུལ་དེའི་རིགས་ལྟ་རྟོག་བྱེད་རྒྱུ་ཙམ་ལས། ཐད་ཀར་ཁྲིམས་དང་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག གནས་ཚུལ་དེ་རྒྱ་གར་ཉེན་རྟོག་པས་ཡིག་ཆ་བཟོས་ནས་ཁྲིམས་ཁང་ལ་བསྐྱལ་ཡོད་རེད། དེ་བཞིན་གནས་ཚུལ་དེ་དང་འབྲེལ་བའི་དཔང་མི་དང་ཁྲིམས་རྩོད་པ། ཁྲིམས་ཁང་བཅས་ལ་འབྲེལ་བ་ཆགས་ཀྱི་ཡོད་རེད། གཙོ་བོ་ང་ཚོས་དཔང་མི་དེ་དག་མ་བརླག་པ་དང་ཁྲིམས་རྩོད་པར་ཞབས་ཞུ་བྱེད་རྒྱུ་དེ་རེད། འོན་ཀྱང་ང་ས་གནས་འགོ་འཛིན་མ་སླེབས་པའི་སྔོན་གྱི་ས་གནས་འགོ་འཛིན་ལས་ཁུངས་སུ། བོད་མི་དེ་བསད་པའི་གནད་དོན་གྱི་ཡིག་ཆ་གཅིག་ཀྱང་མི་འདུག དེ་ངས་ས་འགོ་སྔོན་མའི་ལས་ཁུངས་ལ་སྐྱོན་བརྗོད་བྱས་པ་མིན་ཏེ། གནས་སྟངས་དེ་འདྲ་རེད་འདུག ངས་ང་ཚོའི་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་དང་རྒྱ་གར་གྱི་ཁྲིམས་རྩོད་པ་སོགས་དང་ཐུག་ནས། ཡིག་ཆ་མང་པོ་ཞིག་མཁོ་སྒྲུབ་བྱས་ནས་ཡིག་ཚགས་ཤིག་བཟོས་ཡོད། ས་གནས་འགོ་འཛིན་གྱིས་ཐད་ཀར་ཁྲིམས་དང་འབྲེལ་བ་བྱེད་ཐུབ་ཀྱི་མེད་ཀྱང་། འགན་ཡོད་པའི་ཆ་ནས་ཡིག་ཆ་དེ་ཚོ་ཉར་བསྡད་ཡོད། (ཡིག་ཚགས་དེ་སྟོན་གནང་སོང་།)
ད་ལྟའི་ཆར་ལ་ཁྲིམས་ཀྱི་གནས་སྟངས་ནི། ཟླ་༦ པའི་ནང་ཉན་ཞིབ་ཅིག་བྱས་པ་རེད། སྐབས་དེར་ནག་ཉེས་པའི་ཕྱོགས་ནས་གནས་སྐབས་གཏའ་དངུལ་ཐོག་གློད་གྲོལ་བཏང་ནས། ཁྲིམས་གཏུག་མུ་མཐུད་བྱེད་རྒྱུའི་སྙན་ཞུ་ཕུལ་ཡོད་པ་རེད་དེ། ཁྲིམས་ཁང་ནས་ཁས་ལེན་བྱས་མི་འདུག་པས་ཁོ་རང་བཙོན་ཁང་ལ་ཡོད་རེད། དེ་བཞིན་དེ་སྔོན་དཔང་པོའི་ནང་ལ་ས་འགོ་རྙིང་པ་དེ་ཡོད་པ་ཕྱི་རྒྱལ་ལ་ཕྱིན་ཚར་བས། ཁྲིམས་ཁང་ནས་ཁོང་སྐད་གཏོང་དུས་ཁོང་མེད་པ་རེད་ཅེས་ཞུ་རྒྱུ་ལས་ཐབས་མེད་པ་རེད། ངས་ཚབ་བྱེད་འདོད་ཀྱང་བྱེད་བཅུག་གི་མི་འདུག དེ་བཞིན་མདོ་སྨད་དབུས་རྒྱུན་ལས་ཁང་དང་ས་གནས་ཡན་ལག་ཁང་གིས་གནས་ཚུལ་དེའི་ཐོག་སྔ་མ་ནས་དམིགས་བསལ་འགན་ཁུར་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད།

དྲི་བ། སྤྱིར་བཏང་བྱས་ན་རྒྱ་གར་ནང་དུ་ཁང་པ་གཡར་དུས། ས་ཆ་འི་གནས་བབ་དང་ཁང་པའི་གཞི་རྒྱ།མཐུན་རྐྱེན། ཁྲོམས་རྭའི་རིན་ཚད་སོགས་ལ་གཞིགས་པའི་ཁང་རིན་ཚད་གཞིའི་ཐོག་ལ་ཁྲིམས་སྒྲིག་གཞི་ཡོད་པ་རེད་དེ། དྷ་སར་དེ་ལྟར་ལག་བསྟར་བྱེད་ཀྱི་མེད་ཁར་ཁང་རིན་ཆེན་པོ་ཡོད་པས། དེའི་དཀའ་ངལ་སེལ་ཐབས་ཡོད་དམ།
ལན། གནད་དོན་དེར་ཕྱོགས་གཉིས་ཀར་ནོར་འཁྲུལ་ཡོད་རེད། ཁང་པ་གཡར་མཁན་གྱིས་ཁང་པ་གཡར་ཆོག་པའི་ཆོག་མཆན་ཡོད་མེད་ལ་མ་ལྟོས་པར་ཁང་པ་གཡར་གྱི་ཡོད་པ་དང་། སྡོད་མཁན་ཚོས་ཀྱང་དགོས་མཁོའི་ཡིག་ཆ་མེད་པར་སྡོད་རྐྱང་བྱེད་ཀྱི་ཡོད་པ་རེད། དེ་ལ་ངས་ལམ་སྟོན་ཞུས་ན། བོད་མི་ཚོས་ཁང་པ་ཞིག་ནང་སྡོད་སྐབས་རང་ཉིད་ཀྱི་ཉེ་འབྲེལ་ཚོ་ལ་རང་ཉིད་སྡོད་སའི་སྐོར་ལ་ལབ་རྒྱུ་དང་། ཁང་བདག་ལ་རང་ཉིད་ཀྱི་ངོས་འཛིན་ཡིག་ཆ་དང་ཁ་པར་ཨང་གྲངས་སོགས་སྤྲོད་རྒྱུ་གལ་ཆེན་རེད། དེས་རང་ཉིད་ལ་ན་ཚ་དང་གནས་ཚུལ་བྱུང་སྐབས་ཕན་ཐོགས་ཀྱི་རེད། དེ་བཞིན་དེ་སྔོན་བོད་མི་ཁ་ཤས་ཀྱིས་ཁང་པའི་ནང་ལ་ཅ་ལག་བཞག་ནས། རང་ཉིད་ཟླ་བ་མང་པོ་ས་ཕྱོགས་གཞན་ལ་ཕྱིན་པའི་གནད་དོན་བྱུང་ནས། ཁང་བདག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་ཉེན་རྟོག་པར་སྙན་སེང་ཞུས་པ་བྱུང་རེད། སྐབས་དེར་བོད་མི་དེ་ཚོས་ཁང་བདག་ལ་ངོས་འཛིན་ཡིག་ཆ་སྤྲད་མེད་ཁར། ཁང་བདག་གིས་ཀྱང་བླངས་མེད་པས། ངོས་འཛིན་བྱེད་ཐབས་བྲལ་བའི་གནད་དོན་ཆགས་ཀྱི་ཡོད་རེད།
ལོ་མང་སྔོན་དྷ་སར་ཁང་རིན་དང་། གླ་འཁོར་རིན་པ། ཚལ་དང་ཤིང་ཏོག་རིན་གོང་སོགས་ཆེ་རུ་ཕྱིན་ཡོད་པ་རེད། ཁ་ཤས་ལ་གཞུང་གིས་རིན་གོང་གཏན་འབེབས་བྱས་ཡོད་རེད་དེ། ཁ་ཤས་ལ་བྱས་མེད་པ་རེད། དེ་འདྲ་ཡིན་དུས་མི་ཧམ་པ་ཆེ་ཆུང་གི་གནད་དོན་ཐོག་འགྲོ་ཡི་ཡོད་རེད། དཀའ་ངལ་དེ་དག་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྡིངས་ཆ་དང། རྫོང་དཔོན། གྲོང་གསེབ་ཀྱི་དཔོན་རིགས་སོགས་ལ་ཞུས་ནས་སེལ་ཐུབ་ཀྱི་ཡོད་པའི་གནད་དོན་ཞིག་རེད། འོན་ཀྱང་བོད་མི་ཚོས་ས་གནས་ཀྱི་ཚོགས་འདུ་སོགས་ལ་མཉམ་ཞུགས་བྱེད་ཀྱི་མེད་པ་རེད། དཔེར་ན་ཧིན་བོད་མཛའ་འབྲེལ་ཚོགས་འདུར་རྒྱ་གར་༢༠ ཡོད་ན་བོད་མི་༤ ཙམ་ལས་མེད་པས། ང་ཚོས་རྡོག་སྒྲིལ་པོ་བྱེད་ཀྱི་མེད་པ་རེད། གལ་ཏེ་དེ་ལྟར་བྱས་ནས་ཚོགས་འདུར་དེའི་སྐོར་གླེང་སློང་སོགས་བྱས་ནས་དཀའ་ངལ་སེལ་རྒྱུ་ཡོད་རེད།

དྲི་བ། ཉེ་ཆར་དྷ་ས་གསར་འབྱོར་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས་ཏེ། བོད་མིའི་སྒྲིག་འཛུགས་ཀྱིས་ཁོ་ཚོར་གནས་སྡོད་ཁང་པ་རྒྱག་པའི་རེ་སྐུལ་གྱི་སྙན་ཞུ་ཕུལ་བའི་སྐོར་ལ་ངོ་སྤྲོད་གནང་རོགས།
ལན། ཉེ་ཆར་དྷ་སར་གནས་པའི་བོད་ནས་ཕེབས་པའི་བོད་མི་ཁྱིམ་ཚང་༦༠༠ ཙམ་གྱིས་དྷ་སའི་གསར་འབྱོར་ཚོགས་པ་ཞེས་པ་ཞིག་བཙུགས་ཡོད་པ་རེད། དེ་བཞིན་ནོར་བུ་གླིང་ཁར་གནས་སྡོད་གསར་འབྱོར་ཚོགས་པ་ཞེས་པ་མི་ཚང་བརྒྱ་ལྷག་ཡོད་ཞིག་ཡོད་པ་རེད། ཚོགས་པ་དེ་གཉིས་ཀྱིས་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ནས་ནང་སྲིད་ལས་ཁུངས་སུ་སྙན་ཞུ་གཉིས་ཕུལ་ནས། ཁོང་ཚོར་ཕྲུ་གུའི་ཤེས་ཡོན་དང་འཕྲོད་བསྟེན། ཁྱིམ་གྱི་འགྲོ་གྲོན་སོགས་ཚོང་ཙག་ཙིག་གི་ཁེ་བཟང་ལས་འགྲོ་སོང་གཏོང་རྒྱུར་དཀའ་ལས་ཆེན་པོ་འདུག དེ་ཡང་གཙོ་བོ་གནས་སྡོད་ཁང་པ་མེད་པས། ཁང་རིན་ལ་འགྲོ་སོང་ཆེན་པོ་འགྲོ་ཡི་ཡོད་པ་མ་ཟད། རྒྱ་གར་གྱི་ཁང་པ་གཡར་ནས་བསྡད་དུས་བདེ་འཇགས་སོགས་ཀྱི་ཐོག་ལ་ཡང་དཀའ་ངལ་ཡོད་པས། སྡོད་ཁང་རྒྱག་རོགས་ཞེས་སྙན་ཞུ་ཕུལ་ཡོད་རེད། ང་ཚོས་སྙན་ཞུ་དེ་གཉིས་དང་ལྷན་དུ་རྒྱབ་གཉེར་དུ་གནས་སྟངས་དངོས་ཡོད་ཡིན་སྐོར་ཡིག་ངག་གཉིས་ཐོག་ནས་ནང་སྲིད་ལས་ཁུངས་སུ་ཕུལ་ཡོད།

དྲི་བ། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་གྱི་ཡིག་ཆ་ག་རེ་བླངས་ཀྱང་། ཁོར་ཡུག་ལག་དེབ་དེ་ངེས་པར་དགོས་པ་ཞིག་ཆགས་ཡོད་པ་དང་། དེ་བཞིན་མཐོ་སློབ་ཀྱི་སློབ་མ་དྷ་སར་སྡོད་ཀྱི་མེད་པ་མང་པོ་ཡོད་པས། ཁོ་ཚོར་དེ་མེད་དུས་དཀའ་ངལ་འཕྲད་ཀྱི་ཡོད་ཚུལ་འདུག གནད་དོན་དེའི་ཐོག་ལ་གསལ་བཤད་ཅིག་གནང་རོགས།
ལན། དྷ་ཤོད་ནས་ཡར་རྩིས་པའི་དྷ་སའི་ཁོར་ཡུག་གཙང་བཟོ་དང་སྲུང་སྐྱོབ་ཀྱི་ལས་གཞི་དེ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ལ། དྷ་ས་གྲོང་རྡལ་ལས་ཁུངས་ཀྱི་བོགས་མར་བཏང་ཡོད་རེད། འོན་ཀྱང་བོགས་མའི་དངུལ་དེ་ཉུང་ཉུང་ཡིན་པས། རྒྱུན་ལྡན་གད་སྙིགས་དབོར་འདྲེན་བྱེད་རྒྱུ། ཡུར་བ་གཙང་མ་བཟོ་རྒྱུ་སོགས་ཀྱི་མཐུན་རྐྱེན་སྦྱར་བར་འགྲོ་གྲོན་འདང་གི་མེད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་དྷ་སར་གནས་སྡོད་ཁྱིམ་ཚང་རེར་ནང་མི་ག་ཚོད་ཡོད་མེད་མ་ལྟོས་པར། ཁོར་ཡུག་ལག་དེབ་བཟོས་ནས། མི་ཚང་རེ་ནས་ལོ་རེེར་འབབ་ཧིན་སྒོར་༢༤༠ རེ་ལེན་གྱི་ཡོད།
དེ་བཞིན་དྷ་ས་ནས་རྒྱང་ཐག་རིང་པོར་གནས་པའི་ས་གནས་གྷོ་པལ་པུར་དང་ས་རཱ་སོགས་ལ་ཁོར་ཡུག་གཙང་བཟོའི་མཐུན་རྐྱེན་སྦྱར་ཐུབ་མེད་པ་རེད་དེ། ཁོར་ཡུག་དེབ་བཟོས་ནས་ལོ་རེེར་འབབ་བསྡུ་ཡི་ཡོད་པ་རེད། དེ་ཡང་དྷ་སར་གནས་པའི་མི་མང་པོ་ཞིག་གི་དཔྱ་ཁྲལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་སོགས་ནང་གཏན་སྡོད་ཁ་བྱང་དེ་དྷ་ས་འཁོད་མེད་པས། ཁོར་ཡུག་ལག་དེབ་དེ་དྷ་ས་གནས་སྡོད་བྱེད་མཁན་ཡིན་པའི་རྩ་འཛིན་ཡིག་ཆ་ཞིག་ཆགས་ཀྱི་ཡོད་རེད། གལ་ཏེ་སྤྱི་ཚོགས་ནང་ས་ཕྱོགས་རྒྱང་ཐག་རིང་བ་ཚོར་འབབ་དེ་ཆེ་དྲགས་པའི་བསམ་ཚུལ་ཡོད་ན། ཚོགས་ལ་ཉེ་བའི་ས་གནས་འཐུས་ཚོགས་སྐབས་ས་ཁུལ་དེ་དག་ལས་འབབ་ཆུང་བ་ལེན་རྒྱུའི་གྲོས་ཆོད་འདོན་རྒྱུ་ཡིན། དེ་བཞིན་སློབ་ཕྲུག་མང་པོ་ཞིག་འཛིན་རིམ་བཅུ་གཉིས་བར་སློབ་གྲྭར་བསྡད་རྗེས་མཐོ་སློབ་ཁག་ལ་བསྐྱོད་ཀྱི་ཡོད་པ་རེད། དེ་དག་གི་ཡིག་ཆ་ཚང་མ་དྷ་ས་ནས་བཟོས་པ་ཡིན་ཁར།སྐྱབས་བཅོལ་ལག་དེབ་ཀྱང་དྷ་སར་དུས་འགྱངས་བྱེད་ཀྱི་ཡོད་པས། ཁོང་ཚོར་ང་ཚོས་དམིགས་བསལ་དགོངས་པ་བཞེས་ཀྱི་ཡིན། དེ་མིན་ས་གནས་གཞན་གྱི་སློབ་ཕྲུག་ལ་ང་ཚོས་ཡིག་ཆ་སྤྲོད་ཐུབ་ཀྱི་མ་རེད་ལ། ཁོང་ཚོར་ཡང་ཐོབ་ཐང་མེད་པ་རེད།

དྲི་བ། དྷ་སར་རྒན་རྒོན་ནད་གཅོང་ཉམས་ཐག་དང་བདག་མེད་ཚོར་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་མཐུན་རྐྱེན་ག་རེ་གནང་གི་ཡོད་དམ། 
ལན། ས་གནས་གཞན་ལ་ཡོད་པའི་རྒན་གསོ་ཁང་ནང་བཞིན། དྷ་སར་རྒན་རྒོན་ནད་གཅོང་དང་ཉམས་ཐག་བདག་མེད་ཡོད་ཚེ། དྷ་སའི་རྒན་གསོ་ཁང་ལ་གཏོང་གི་ཡོད་རེད། དེ་བཞིན་རྒན་རྒོན་དེ་དག་ཉམས་ཐག་གི་ཐོ་གྲངས་ནང་བཅུག་ནས། འཚོ་སྣོན་སྦྱར་རྒྱུ། འཕྲོད་བསྟེན་ཐོག་ནས་བདེ་ལེགས་སྨན་ཁང་སོགས་ནས་རིན་མེད་སྨན་རག་ཐབས། དེའི་སྒང་ལ་དེ་གར་ཡོད་པའི་དགེ་རྩ་ཚོགས་པ་ཁག་ནས་འཚོ་སྣོན་ཐོབ་ཐབས་སོགས་བྱེད་ཀྱི་ཡོད་པ་རེད།

དྲི་བ། རྒན་གསོ་ཁང་དུ་ཚུད་པར་ལོའི་ཚད་གཞི་ཡོད་དམ།
ལན། རྒན་གསོ་ཁང་དུ་ཚུད་པར་ལོའི་ཚད་གཞི་གཅིག་ཡོད་རེད་དེ་ངས་དྲན་གྱི་མི་འདུག འོན་ཀྱང་གཙོ་བོ་དེ་ལོ་མིན་པར་རྒན་རྒོན་དེ་དག་གི་གནས་སྟངས་རེད། གང་ཡིན་ཟེར་ན་རྒན་རྒོན་ཁག་ཅིག་ལོ་ཆེན་པོ་ཡིན་ཡང་གཟུགས་པོ་བདེ་པོ་ཡིན་པའང་ཡོད་རེད། ཁག་ཅིག་ནད་གཅོང་དང་བདག་མེད་ཀྱང་ཡོད་རེད། དེ་འདྲ་ཡིན་དུས་རྒན་རྒོན་ལོ་ལོན་པ་ཚང་མ་རྒན་གསོ་ཁང་ལ་ཚུད་ཐབས་མེད་པ་རེད། དེང་སང་ཕྲུ་གུ་ཕྱི་རྒྱལ་ལ་ཕྱིན་ནས་ཕ་མ་ལྷག་མཁན་མང་པོ་ཡོད་རེད། ལོ་ཚད་ཞིག་ཡོད་རེད་དེ་གཙོ་བོ་ཁོང་རྣམས་ཀྱི་གནས་སྟངས་དེར་རྩ་འཛིན་བྱེད་ཀྱི་ཡོད་པ་རེད།

དྲི་བ། དྷ་ས་ས་གནས་ལས་ཁུངས་སུ་བོད་མི་ཁག་ཅིག་གིས་རང་ཉིད་ཀྱི་ལས་དོན་མ་འགྲིག་དུས། རྒྱ་ཅོག་སྟེང་དུ་ཁུ་ཚུར་བརྡབས་པ་སོགས་ཀྱིས་རྫིག་རྫིག་བཏང་བའི་གནས་ཚུལ་བྱུང་མྱོང་ཡོད་དམ།
ལན། སྤྱིར་བཏང་མིའི་སྤྱི་ཚོགས་ནང་ལ་མི་ཚང་མར་གཤིས་ཀ་འདྲ་མིན་ཡོད་པ་རེད་དེ། ངས་ས་གནས་འགོ་འཛིན་གྱི་ལས་འགན་འཁུར་ནས་ཟླ་གཉིས་ཙམ་འགྲོ་ཡི་ཡོད་པས། དེའི་རིང་གནས་ཚུལ་དེ་འདྲ་བྱུང་མ་སོང་། སྤྱིར་བཏང་ངས་དྷ་སའི་མི་མང་ཞི་བདེ་དང་སྤྱོད་པ་ཡག་པོར་ངོས་འཛིན་བྱེད་ཀྱི་ཡོད་པས། མི་མང་གིས་ཀྱང་འགན་འཁྱེར་དགོས་ཀྱི་རེད།

དྲི་བ། རྒྱ་གར་ཡུལ་མི་དང་བོད་མི་འཆམ་མཐུན་ཡོང་ཆེད་དུ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ལས་གཞི་གང་དང་གང་སྤེལ་གྱི་ཡོད་དམ།
ལན། ང་ཚོ་བོད་མི་ཚོ་རྒྱ་གར་ཡུལ་དུ་གནས་རྒྱུར་རྒྱ་གར་གྱི་ཡུལ་མི་དང་ཁྲིམས། རྒྱ་གར་གྱི་མཐུན་རྐྱེན་སོགས་དང་མ་བསྟུན་ནས་གནས་ཐབས་བྲལ་བ་རེད། དེེར་བརྟེན་མི་སྒེར་དང་ཚོགས་པ། ས་གནས་འགོ་འཛིན་ལས་ཁུངས་སོགས་ཀྱི་འགན་བླངས་ནས་ཡུལ་མི་དང་འཆམ་མཐུན་བྱེད་རྒྱུ་གལ་ཆེན་རེད། ངས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་དྲུང་གཞོན། དྲུང་ཆེ་སོགས་རིམ་པ་བྱས་རེད། ང་ཚོས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་ཡང་ཡང་བསྐོང་རྒྱུ་དང་ཚོགས་མི་མང་དུ་གཏོང་ཐབས། དེ་བཞིན་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་དང་རྒྱ་གར་རང་བཙན་ཉིན་མོ་སོགས་ལ་མངར་ཟས་འགྲེམས་པ། འཁྲབ་སྟོན་གོ་སྒྲིག་བྱས་ནས་རིག་ཞུང་བརྗེ་ལེན་བྱེད་པ། རྒྱ་གར་ཡུལ་མི་དང་བོད་མི་ལྷན་དུ་ཤིང་སྣ་འདེབས་འཛུགས། རྒྱ་གར་གྱི་སློབ་གྲྭ་ཁག་ནང་བོད་དང་༧གོང་ས་མཆོག་གི་སྐོར་གྱི་དེབ་འགྲེམས་པ། རྒྱ་གར་གྱི་གྲོང་གསེབ་ཁག་ནང་རིན་མེད་སྨན་བཅོས་དང་སྨན་སྦྱིན་བྱེད་པ་སོགས། ཡུལ་མི་དང་འཆམ་མཐུན་ཡོང་བའི་ལས་གཞི་མང་པོ་ཞིག་ཡོད་པ་རེད།

དྲི་བ། ཁྱེད་རང་གིས་ས་གནས་འགོ་འཛིན་ལོ་གསུམ་གནང་རྒྱུ་ཡིན་པས། འཆར་གཞི་གསར་པ་འདྲ་ཡོད་དམ།
ལན། ལས་གཞི་ཞིག་གྲུབ་འབྲས་ཐོན་པར་དབུས་དང་མི་མང་། ཚོགས་པ་ཁག་གི་རྒྱབ་སྐྱོར། དེ་བཞིན་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བསྟུན་དགོས་ཀྱི་ཡོད་རེད་དེ། ང་ལ་འཆར་གཞི་ཡོད། དྷ་ས་དེ་བཙན་བྱོལ་ནང་ཁ་འཐོར་གཞིས་ཆགས་རྙིང་ཤོས་དང་ཆེ་ཤོས་དེ་ཡིན་པ་རེད། གལ་ཏེ་དྷ་ས་དེ་ཉིད་ཡར་རྒྱས་གཏོང་འདོད་ན་མི་མང་མཉམ་ཞུགས་བྱེད་དགོས་པ་རེད། དཔེར་ན་དྷ་ས་ས་གནས་ལས་ཁུངས་ཡར་རྒྱས་གཏོང་རྒྱུ། དྷ་ས་མི་མང་ལ་ཚོགས་ཁང་མེད་པས་ཚོགས་ཁང་རྒྱག་རྒྱུ། ས་གནས་འགོ་འཛིན་གྱི་ལས་ཁུངས་ཀྱི་ཉིན་རེའི་འགྲོ་གྲོན་འདང་ངེས་མེད་པ་སོགས་ཡར་རྒྱས་གཏོང་རྒྱུའི་ལས་གཞི་མང་པོ་བྱེད་རྒྱུ་ཡོད་རེད་དེ། དེ་དག་འགྲུབ་པར་མི་མང་རྣམས་རྡོག་སྒྲིལ་དགོས་རེད། དེར་བརྟེན་ཟླ་༡༠ པའི་ནང་ལ་དྷ་སར་ཡར་རྒྱས་ག་རེ་གཏོང་དགོས་མིན་སྐོར་ལ་ངས་དྷ་སའི་འགོ་ཁྲིད་ཚོགས་འདུ་ཞེས་པ་ཞིག་བསྐོང་འཆར་ཡོད།

དྲི་བ། ས་གནས་འགོ་འཛིན་གྱི་བདེ་འཇགས་ཀྱི་ཆེད་དུ་བདེ་སྲུང་ལས་ཁུངས་ནས་མཐུན་རྐྱེན་ཡོད་པ་རེད་དམ།
ལན། སྤྱིར་བཏང་ས་གནས་འགོ་འཛིན་གྱི་བདེ་འཇགས་ཆེད་དུ་སྐུ་སྲུང་བ་མེད་པ་རེད་དེ། ངས་དགོས་མཁོ་ཡང་མཐོང་གི་མི་འདུག གང་ཡིན་ཟེར་ན་གཙོ་བོ་ངས་ལས་ཀ་ལྷག་བསམ་རྣམ་དག་དང་དྲང་པོ་བྱེད་རྒྱུ་གལ་ཆེ་ཤོས་མཐོང་གི་འདུག དེ་ངའི་བདེ་འཇགས་ལ་སྲུང་སྐྱོབ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་ངས་ལས་ཀ་དེ་ལྟར་མ་བྱས་ཚེ་ངའི་བདེ་འཇགས་ལ་ཉེན་ཁ་ཡོང་སྲིད་པ་རེད། དེ་བཞིན་ང་ཚོ་བོད་མི་ཚང་མ་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་འོག་ལ་གནས་ཡོད་པས། ཁྲིམས་ཐོག་ནས་སྲུང་སྐྱོབ་ཀྱི་མཐུན་རྐྱེན་ཡོད་བསྡད་པ་རེད།

དྲི་བ། དྷ་སའི་མི་མང་ལ་རེ་སྐུལ་དམིགས་བསལ་ཡོད་དམ།
ལན། དང་པོར་ང་ཚོ་བོད་པ་ཞིག་ཡིན་བསམ་ནས། ཕན་ཚུན་འཆམ་མཐུན་དང་ག་དུས་ཡིན་ནའང་བོད་ཀྱི་གནད་དོན་ཐོག་ལས་ཀ་བྱེད་པའི་ཀུན་སློང་ཤུགས་ཆེན་དགོས་ཀྱི་རེད་བསམ་གྱི་འདུག གཉིས་པར་ང་དྷ་སའི་མི་མང་ཡིན་བསམ་པའི་ཚོར་བ་ཞིག་དགོས་པ་རེད། ཚོར་བ་མེད་མཁན་ཚོས་བསྐྲུན་དགོས་པ་དང་ཡོད་མཁན་ཚོས་ཡར་རྒྱས་གཏོང་དགོས་རེད། དྷ་སར་དགའ་ཞེན་དང་ཞེན་ཁོག་ཐོག་ནས་ལས་དོན་ལ་ནུས་པ་མཉམ་སྤུང་བྱེད་རོགས་ཞུ་རྒྱུ་ཡིན།།
གསར་འགོད་པ་སྐལ་བཟང་དོན་གྲུབ་ཀྱིས་བཅར་འདྲི་བྱས།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 250

Leave a Reply