འཆི་གསོན་གྱི་འགག་རྩ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༢   ཕྱི་ལོ་ ༢༠༡༧/༦  /༢༡

མི་རིགས་ཤིག་འཆི་དང་གསོན་གྱི་གནད་དོན་ནི་མི་རིགས་དེའི་སྐད་ཡིག་རིག་གནས་ལ་ཐུག་ཡོད་ཅེས་ཡོངས་གྲགས་ཀྱིས་བརྗོད་བཞིན་པ་ལྟར། དོན་དངོས་སུའང་མི་རིགས་དེའི་ངོ་བོ་མ་བརླགས་པར་རྒྱུན་གནས་བྱེད་དགོས་ན་དེའི་སྐད་ཡིག་རིག་གནས་རྒྱུན་འཛིན་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་སྨྲོས་མེད་རེད། འོན་ཀྱང་མི་རིགས་ཡོངས་རྫོགས་ཀྱི་གནས་སྟངས་དེ་ལྟར་ཡིན་པའང་ཁ་ཚོན་གཅོད་དཀའ། འོན་ཀྱང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་རྩ་དོན་འཐབ་རྩོད་བྱེད་དགོས་ན། མི་རིགས་དེའི་བསམ་བློ་དང་སྤོབས་པ་སེམས་ཤུགས་བཅས་རྒྱུན་གནས་ཐུབ་པ་ཞིག་ཡོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་ནི་བཟློག་ཐབས་མེད་པའི་ལས་འགན་ཉག་གཅིག་ཏུ་གྱུར་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་འཚོ་བ་དང་མཐུན་རྐྱེན་སོགས་སྔོན་དང་བསྡུར་ནས་ཡར་རྒྱས་སུ་སོང་ཡོད་ཀྱང་། རྩ་དོན་འཐབ་རྩོད་ཀྱི་སེམས་ཤུགས་དང་བསམ་བློའི་འདུ་ཤེས་གཅིག་གྱུར་གྱི་ཐོག་ནས། སྔོན་མ་འཚོ་བའི་གནས་སྟངས་སྐྱོ་པོ་ཡོད་པའི་སྐབས་དང་བསྡུར་ན་ད་ལྟ་ཞན་ནས་ཞན་དུ་འགྲོ་བཞིན་ཡོད།

བོད་མི་རིགས་འཇིག་རྟེན་འདིར་གནས་དགོས་པ་དེ་ནང་པ་སངས་རྒྱས་པའི་ཆོས་གནས་ཐུབ་པ་ཁོ་ནའི་ཆེད་དུ་གཏན་ནས་མིན་ལ། དེ་མ་ཡིན་པའི་ཆོས་ལུགས་བྱེ་བྲག་པ་དང་། རིག་གནས་བྱེ་བྲག་པ་ཞིག་གི་ཆེད་དུའང་མིན། རིག་གནས་གང་ཡིན་ཡང་དེ་ནི་གཙོ་བོ་མིའི་ཆེད་དུ་ཡིན་མོད། རིག་གནས་སྤྱི་ཡོངས་དང་མི་འདྲ་བར་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་པ་གཞུང་ལུགས་དང་ལྟ་གྲུབ་གཉིས་ཀའི་ཆ་ནས་སྨྲོས་མི་དགོས་པ་རེད། འོན་ཀྱང་ནང་པའི་རྗེས་འབྲངས་པ་སྤྱིའི་ངོས་ནས་བཤད་ན་ལྟ་གྲུབ་དང་གཞུང་ལུགས་ཀྱི་རྣམ་གཞག་ཙམ་ལས། དོན་དངོས་ལག་ལེན་ཐོག་དེ་ལྟར་ཡོང་གི་ཡོད་མེད་ནི་ཧ་ཅང་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད་ཀྱང་། དམིགས་ཡུལ་དེ་ལྟ་བུ་ཞིག་འཛིན་དགོས་པ་དེ་བཟློག་མེད་ཀྱི་ལས་འགན་ཞིག་ཏུ་ངོས་འཛིན་ཐུབ་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་དང་། བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས་གོང་དུ་བརྗོད་པ་བཞིན་ནང་པ་སངས་རྒྱས་པའི་ཆོས་གནས་དང་མི་གནས་ཙམ་གྱི་ཆེད་དུ་བོད་གནས་དགོས་པ་ཞིག་གཏན་ནས་མིན་སྙམ།

བླ་མ་སྐྱེས་ཆེན་དག་གི་ངོས་ནས་ལྟ་གྲུབ་དང་གཞུང་ལུགས་ཀྱི་སྤོམ་བཤད་ཙམ་བྱས་ན་བོད་མི་རིགས་གནས་དགོས་པ་དེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཆེད་དུ་རེད་ཅེས་དང་། ནང་པ་སངས་རྒྱས་པའི་ཆོས་གོ་ལ་འདིའི་ཐོག་ཏུ་གནས་ཐུབ་ན་བོད་མི་རིགས་གནས་དང་མ་གནས་ལ་ཁྱད་པར་གང་ཡང་མེད་པའི་པའི་ལྟ་ཚུལ་འདི་ནི་ནེ་ཙོས་ཆོས་བཏོན་ལྟ་བུའི་སྐད་ཆ་སྟོང་པ་ཙམ་ལས། དོན་དམ་པར་འདི་ལྟ་བུའི་བསམ་ཚུལ་ངོ་མ་ཡོད་མཁན་ཞིག་བོད་པའི་སྤྱི་ཚོགས་ནང་ཧ་ཅང་དཀོན་ཚོད་དུ་སྣང་། རང་ལྟ་མཆོག་འཛིན་གྱིས་ར་བཟི་བའི་སྤྱི་ཚོགས་དང་ང་ལས་དྲག་པའི་མི་སུ་གཅིག་སླེབས་མི་ཆོག་བསམ་པའི་ཁོར་ཡུག་ཅིག་ཏུ། སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ་བོད་མི་རིགས་བློས་གཏོང་ཐུབ་མདོག་བཤད་ཀྱང་། སྐད་ཆ་དེ་དག་ནི་དོན་གྱིས་ཡོང་ཐབས་མེད་པ་ཞིག་རེད། ད་དུང་བོད་མི་ཡིན་ཚད་ཆོས་པ་མིན་པ་དང་། བོད་པ་ཡིན་ཚད་ནང་པ་མིན་པའི་དོན་དངོས་འདིའི་ཐོག་ནས་ཀྱང་བོད་མི་རིགས་གནས་དགོས་པའི་རྒྱུ་མཚན་ངོ་མ་གང་དང་གང་ཡིན་མིན་དེ་ཚང་མས་ཤེས་དགོས་པ་ཞིག་ཏུ་གྱུར་ཡོད།

མདོར་ན་བོད་མི་རིགས་ལ་དོན་དངོས་ཐོག་དགོས་མཁོ་ཆེ་ཤོས་དེ་ག་རེ་ཡིན་པ་དང་། དེ་ཡང་བོད་པའི་མི་འབོར་མང་ཤོས་ཀྱི་གནས་བབས་ཐོག་ནས་བཤད་ན་ཚེ་འདི་ལས་ཕྱི་མ་དོན་གཉེར་བྱེད་མཁན་མིན་ལ། འཇིག་རྟེན་པ་ཡིན་པ་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྡེ་ཡང་མིན། དེ་ཡིན་དུས་འཇིག་རྟེན་པའི་དོན་དག་འཇིག་རྟེན་པའི་བསམ་བློ་དང་མཐུན་དགོས་པ་ལས། ཆོས་ཕྱོགས་ཀྱི་སྐད་ཆ་རྫིག་པོ་དེ་དག་བསྐྱར་བཟློས་བྱས་པ་ཙམ་གྱིས་དོན་གྱིས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་འགྱུར་དཀའ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་རྩལ་དུ་བཏོན་ནས་གསུངས་དགོས་པའི་རྒྱུ་མཚན་ཡང་གཙོ་བོ་འདི་ལ་ཐུག་ཡོད་སྙམ། བོད་མི་རིགས་ལ་དགོས་པ་དེ་ཡང་ཡོངས་གྲགས་དང་ཁ་གསལ་ཙམ་བཤད་ན་རང་དབང་དང་བདེ་སྐྱིད་ཅེས་པའི་ཚིག་འདི་གཉིས་ཡིན་ལ། ཚིག་འདི་གཉིས་ཀྱི་གོ་དོན་ཐོག་ནས་ཀྱང་ཡོངས་ཁྱབ་དང་གཅིག་གྱུར་ཞིག་ཡོང་དཀའ་ཡང་། འཇིག་རྟེན་གྱི་མི་ཕལ་མོ་ཆེའི་འདོད་པ་དང་བསྟུན་ནས་གོ་བ་ལེན་དགོས།

གང་ལྟར་ཁ་ཚ་དགོས་གཏུག་དང་གལ་ཆེ་ཤོས་ཀྱི་གནད་དོན་ནི། ད་ལྟའི་བོད་མི་རིགས་འདི་ཉིད་འགྱེལ་ས་ནས་ལངས་ཐུབ་པར་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་གཅིག་གྱུར་ཞིག་དགོས་པ་དེ་གལ་ཆེ་ཤོས་རེད་ལ། དེ་ལྟར་ཡོང་བར་ཐབས་ལམ་ཡག་ཤོས་གང་ཡོད་མེད་དེ་ང་ཚོས་གསལ་པོ་རྟོགས་ཐུབ་དགོས། ༧གོང་ས་མཆོག་ཞལ་བཞུགས་སྐབས་སྐད་ཆ་རིང་ཙམ་ཐུང་ཙམ་ཤོད་མཁན་ཡོད་ཀྱང་། ཁོང་གི་ཐུགས་རྗེ་དང་གྲིབ་བསིལ་གྱི་འོག་ཏུ་རྒྱ་ཆེ་ས་ནས་བོད་མི་རིགས་རྡོག་གཅིག་ཏུ་སྒྲིལ་མི་ཐུབ་པའི་དཀའ་ངལ་ཆེན་པོ་གང་ཡང་མེད། ཞལ་མ་བཞུགས་པའི་སྐབས་གཞན་བླ་མ་གཅིག་དང་ཆོས་ལུགས་གཅིག་གིས་བོད་པ་རྡོག་གཅིག་ཏུ་སྒྲིལ་མི་ཐུབ་ལ། རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་གཞི་རྩར་བཞག་ནས་བོད་མི་གཞིས་བྱེས་ཡོངས་རྫོགས་རྡོག་གཅིག་ཏུ་སྒྲིལ་ཐུབ་པའི་རེ་བ་རྒྱག་དགོས། རྒྱ་གཞུང་གི་འོག་ཏུ་རྒྱུན་འཁྱོངས་གསུམ་ལག་བསྟར་ཙམ་གྱི་དམིགས་ཡུལ་དེས་བོད་མི་རིགས་ལ་རྒྱལ་ཞེན་སླེབས་སའི་ཁོར་ཡུག་ཅིག་གཏན་ནས་མེད་པ་ཧ་ཅང་གསལ་པོ་རེད། དེ་ཡིན་དུས་བོད་པས་རྡོག་གཅིག་ལ་སྒྲིལ་ཐུབ་པའི་རྩ་དོན་ནི་བོད་ཀྱི་བདག་དབང་སླར་གསོ་བྱ་རྒྱུ་དེ་འཆི་གསོན་གྱི་འགག་རྩར་ཐུག་པའི་གནད་དོན་ཞིག་ཡིན།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 140

Leave a Reply