འཆི་རྟགས་ཉག་གཅིག་ཏུ་གྱུར་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༦  ཕྱི་ལོ་ ༢༠༡༧/༡༢ /༦

བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་མུ་མཐུད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་གི་འདུག་ལ། བཙན་བྱོལ་བོད་མི་ཚོས་ངོ་དེབ་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་ནང་ཁུལ་དུ་རྩོད་རྙོག་ཆེད་བཟོ་བྱེད་བཞིན་འདུག སྤྱིར་སྤྱི་ཚོགས་གང་ཡིན་ཡང་རྒྱུ་མཚན་དང་གནས་ལུགས་ཡོད་མེད་ལ་མ་ལྟོས་པར་མི་མང་ལ་སེམས་ཚོར་ཆེན་པོ་བྱུང་བའི་སྐབས་ཚད་ལས་བརྒལ་བའི་བྱེད་སྟངས་མང་པོ་ཞིག་ཡོང་གི་ཡོད་པ་རེད། འོན་ཀྱང་དེ་དག་ཚང་མ་ལ་ཁོར་ཡུག་དང་གནས་སྟངས་མི་འདྲ་བའི་ཐོག་ནས་བསམ་བློ་གཏོང་དགོས། ཉེ་ཆར་གྱི་གནས་ཚུལ་མང་པོ་ཞིག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་སྤྱི་ཚོགས་དྲ་ལམ་ཁག་ལ་བརྟེན་ནས་བྱུང་ཡོད་ཅེས་བརྗོད་ཆོག དུས་རྒྱུན་མི་རེ་གཉིས་འཛོམས་པའི་སྐབས་སྐད་ཆ་རྒྱུ་མཚན་ཡོད་མེད་མང་པོ་ཞིག་ཤོད་སྲིད་ཀྱང་། སྐད་ཆ་དེ་དག་ཁོར་ཡུག་དེ་ཙམ་ལས་ཕྱི་ལ་མི་འགྲོ་བ་དང་། རྒྱ་ཆེ་ན་ཡང་གཅིག་གི་ཁ་ནས་གཅིག་ལ་བརྒྱུད་དེ་ཅུང་ཙམ་རེ་ཁྱབ་སྲིད་པ་ལས་ད་ལྟའི་དུས་སྐབས་ལྟ་བུ་ཞིག་གཏན་ནས་མིན།

དེང་སྐབས་དྲ་ལམ་ནས་ཕྱོགས་ཕན་ཚུན་གྱི་རྣམ་པའི་ཐོག་ནས་གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་། གཅིག་གིས་གཅིག་ལ་ཟུར་ཟ། འདྲ་པར་དང་རི་མོ་སྣ་ཚོགས་བཟོས་ནས་སྤྱི་ཚོགས་བརྒྱུད་ལམ་ནང་གཏོང་གི་འདུག ལྷག་པར་དུ་དྲ་ཚོམ་ཁག་གི་ནང་དུ་མི་སོ་སོས་གང་བཤད་པ་དེ་ཆེད་དུ་ཕྱོགས་བསྒྲིགས་བྱས་ནས་བཀྲམ་ཡོང་བའི་སྐབས་སྤྱི་ཚོགས་ཁྱོན་ཡོངས་ནས་ཡོ་འཁྱོམས་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད། སྐབས་དེ་དག་ཏུ་ཆེད་དུ་རྒྱ་གཞུང་གི་གསོས་ཕྲུག་མང་པོ་ཞིག་གིས་གོ་སྐབས་བཟུང་ནས་མིང་རྫུན་སྣ་ཚོགས་ཀྱི་འོག་ཏུ་ཕྱོགས་སོ་སོ་ནས་ཁ་གཏད་ཀྱི་རྣམ་པ་ཛ་དྲག་བསྟན་པ་ལ་བརྟེན་རྙོག་གྲ་ཆེ་རུ་བཏང་སོང་། ཁག་ཅིག་གིས་སེམས་ཚོར་ཙམ་ལ་བརྟེན་ནས་ཕན་ཚུན་སྐྱོན་བརྗོད་དང་བརྙན་ཐུང་རྣམས་ཆེད་དུ་དྲ་ལམ་ཁག་ལ་བཀྲམ་པ་དང་། དེའི་ཤུགས་རྐྱེན་དང་མཇུག་འབྲས་ལ་བསམ་བློ་མ་བཏང་བར་སེམས་ཤུགས་ཡིན་མདོག་བྱེད་པ་ཡང་། དོན་དུ་ཆེད་གཉེར་དཀྲོག་གཏམ་སྤེལ་མཁན་དང་དཀྲུག་ཤིང་རྒྱག་མཁན་དག་ལ་བླ་ན་མེད་པའི་རམ་འདེགས་ཉག་གཅིག་ཏུ་གྱུར་ཡོད།

ཐབས་སྐྱོ་བ་ཞིག་ལ་ཉེ་བའི་ཆར་བོད་ནང་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་ཞིག་བྱུང་ཡོད་ནའང་། དེའི་སྐོར་གྱི་གནས་ཚུལ་དེ་བཀའ་ཤག་དང་སྲིད་སྐྱོང་ལ་ངོ་རྒོལ་བྱེད་པའི་ཚ་རླབས་དེ་ལ་བརྟེན་ནས་གླེང་སློང་ཆེན་པོ་གང་ཡང་མེད་པ་ཞིག་ཏུ་གྱུར་སོང་། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་མི་མང་པོ་ཞིག་གི་སེམས་ལ་བོད་ནང་གི་བདེ་སྡུག་གནས་སྟངས་ལ་བསམ་བློ་དེ་ཙམ་འཁོར་ཐུབ་ཀྱི་མེད་ཚོད་རེད་ལ། དགོས་མཁོ་ཡོད་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དང་གསུང་དུམ་ཁག་ཅིག་བེད་སྤྱོད་ཡང་ཡང་གཏོང་བ་ཙམ་ལས། མང་གཙོའི་ལེགས་བྱང་དང་མང་གཙོའི་གོ་རྟོགས་ཐོག་ནས་ད་དུང་བཙན་བྱོལ་བོད་མི་ཚོ་ལ་མྱོང་ཚོར་ཟབ་མོ་ཞིག་གཏན་ནས་སླེབས་མི་འདུག དེ་བཞིན་ཡུལ་ལུང་སོ་སོའི་མི་སེར་བཟོ་རྒྱུའི་བྲེལ་བ་ཙམ་དང་། རྒྱལ་ཁབ་གཞན་ཞིག་གི་མི་སེར་ཆགས་ཟིན་པའི་རྗེས་སུ་ཁ་ནས་བོད་མི་ཡིན་ཞེས་བརྗོད་པ་ཙམ་ལས་དོན་དུ་བོད་མི་རིགས་ཀྱི་བདེ་སྡུག་ལ་བསམ་བློ་གང་ཡང་མེད་པ་ཞིག་ཏུ་འགྱུར་འགྲོ་གི་མེད་དམ་སྙམ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་དང་བཀའ་སློབ་ག་ཚོད་ཅིག་གནང་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་བོད་མིའི་འཚེ་མེད་ཞི་བའི་འབོད་ཚིག་དེ་ཁ་གཡང་ཙམ་དང་། གླགས་མི་འཁེལ་ས་ཞིག་ལ་འཚེ་མེད་ཞི་བ་བེད་སྤྱོད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་ལྟ་བུ་ལས། གནད་དོན་དེ་ཁ་ཞེ་གཉིས་མེད་ཀྱི་བསམ་བློ་ཞིག་གཏན་ནས་ཡིན་ཚོད་མི་འདུག གོ་མཚོན་གང་ཡང་མེད་པར་ནང་ཁུལ་གྱི་མི་སྣ་ཞེད་མི་དགོས་ས་ཞིག་ཡིན་ན་ག་རེ་ཡིན་ཡང་ལབ་པ་དང་། ག་རེ་ཡིན་ཡང་བྱེད་མཁན་དག་གིས་མེ་མདའ་དང་མེ་སྒྱོགས་རྡུལ་ཕྲན་མཚོན་ཆ་སོགས་ཡོད་མཁན་རྒྱ་དམར་དྲག་གཞུང་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་རྐྱེན་ལམ་དུ་བཏང་ཡང་། དེ་ལ་འཚེ་མེད་ཞི་བ་རྒྱུན་འཁྱོངས་བྱེད་དགོས་པའི་ལངས་ཕྱོགས་ཁ་ཞེ་གཉིས་མེད་ཡིན་ཟེར་མཁན་དག་གི་བསམ་བློ་གཏོང་སྟངས་དེ་ག་ཕྱི་ཏག་ཏག་ལོག་བསྡད་པ་ལྟ་བུར་གྱུར་ཡོད། གནས་སྟངས་འདི་དག་ལ་བལྟས་ན་འཚེ་མེད་ཞི་བ་ཞེས་པ་དེ་ཡང་མི་འགྲོ་ས་ཞིག་ལ་སྤྲེལ་ལད་ལྟ་བུ་ལས་འགྲོ་ས་ཞིག་ལ་སྟག་ངར་ངར་བྱ་རྒྱུ་ཁོ་ནར་གྱུར་འདུག

མདོར་ན་བཙན་བྱོལ་བོད་མིའི་གཤིས་ཀ་དེ་ཕྱིའི་དགྲ་བོ་ལ་ཡ་ལན་མེད་པར་ནང་གི་ཨ་མར་ཉེས་རྡུང་གཏོང་སྟངས་ལ་བལྟས་ན། ༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཉིད་གཅིག་འོག་གཅིག་ལ་མ་འདུས་པར་ཁ་འཐོར་དགུ་འཐོར་ཞིག་ཏུ་འགྱུར་ངེས་པ་ལྟ་བུར་གྱུར་འདུག ལྟ་གྲུབ་དང་གཞུང་ལུགས་ཀྱི་ཐོག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་མང་གཙོའི་ལམ་ལུགས་ཤིག་གི་འོག་ཏུ་འགྲོ་བཞིན་ཡོད་སྟབས། མ་འོངས་པའི་གཅིག་སྒྲིལ་དང་མཐུན་ལམ་དེ་ཉིད་འདི་ལ་བརྟེན་ནས་ཡོང་ཐུབ་པའི་རེ་བ་ཞིག་རྒྱག་ཆོག་ཀྱང་། ཁྱི་ནག་ལྟོ་བས་མར་མི་འཇུ་ཞེས་པ་ལྟར་འདིའི་ཕྱོགས་ནས་ཀྱང་རེ་བ་རྒྱག་ཡུལ་ཆེན་པོ་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། དེར་བརྟེན་དོན་དངོས་ཐོག་མ་འོངས་པར་བོད་པ་བསམ་ཡོད་དང་ཤེས་ལྡན་པ་ཚང་མ་ཟུར་དུ་གཡོལ་ནས་མི་འགྲོ་བར་སྤྱི་པའི་དོན་དག་ལ་ཐེ་གཏོགས་མང་ཙམ་ཡོང་ཐབས་མ་བྱས་ཚེ། སྐབས་འཚོལ་རིང་ལུགས་པ་དག་གི་བྱེད་སྟངས་ལ་བསམ་ན་བཙན་བྱོལ་སྤྱི་ཚོགས་དེ་འཆི་ངེས་པའི་རྟགས་མཚན་མང་པོ་མངོན་འདུག།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 204

Leave a Reply