འཇར་མན་ནིའི་གྲོང་ཁྱེར་མུ་ནིག་ཏུ་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ།

ཟླ་འདིའི་ཚེས་༡༠ ཉིན་འཇར་མན་ནིའི་ལྷོ་ཕྱོགས་གྲོང་ཁྱེར་མུ་ནིག་ཏུ་བོད་པའི་སྐད་དང་རིག་གཞུང་གཙོ་བོར་བསླབ་གཞིའི་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཞིག་ཡུལ་དེའི་བོད་མི་སྐྱབས་བཅོལ་བའི་ཕྲུ་གུ་ཚོའི་ཆེད་སྒོ་འབྱེད་བྱས་ཡོད་པ་རེད།

བོད་ཡིག་འཛིན་གྲྭ་དེ་ནི་ཐོག་མར་(མུ་ནིག་བོད་རིགས་ཨ་མ་ཚོགས་པ)ཞེས་བོད་པའི་ཨ་མ་ལྔ་ལས་གྲུབ་པའི་ཚོགས་པ་ཞིག་གིས་ལོ་ཤས་སྔོན་ནས་ས་གནས་ཀྱི་བོད་ཕྲུག་ཚོ་བོད་ཀྱི་སྐད་ཡིག་བསླབ་ཐབས་ཀྱི་འབད་བརྩོན་ཡུན་རིང་གནང་རྗེས། ད་ལན་དངོས་སུ་དབུ་འཛུགས་གནང་ཐུབ་ཡོད་འདུག མུ་ནིག་བོད་རིགས་ཨ་མ་ཚོགས་པའི་འགན་འཛིན་ས་ཁང་ངག་དབང་སྒྲོན་གསལ་གྱིས་དེའི་ཐད་གསུང་དོན། ད་ལྟའི་བོད་ཀྱི་གནས་བབ་ལ་གཞིགས་ཏེ་ཆོས་དང་རིག་གཞུང་དང་གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུད་འཛིན་གནང་རྒྱུ་ནི་ཁ་ཚ་དགོས་གཏུག་དང་བོད་པ་སྤྱི་བོ་གནམ་བསྟན་ཡོངས་ལ་འགན་འཁྲི་ཡོད་པ་དང་། ལྷག་དོན་ཕྱིའི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོར་འཁོར་ཡུག་གི་དབང་གིས་བོད་ཀྱི་སྐད་ཡིག་ལ་རང་བཞིན་དོ་སྣང་ཡོང་གི་མེད་སྟབས། དེའི་ཐད་ཕྱི་རྒྱལ་དུ་སྡོད་མཁན་བོད་མིའི་ཕ་མ་ཚོར་དམིགས་བསལ་གྱི་འགན་དབང་ཡོད་པ་རེད། ཕྱི་རྒྱལ་ཡུལ་གྲུ་གང་ཞིག་ཏུ་སྡོད་ཀྱི་ཡོད་ནའང་རང་སྐད་རང་གིས་སྲུང་སྐྱོབ་བྱེད་དགོས་པ་ལས། ཕྱི་མིའི་རོགས་འདེགས་འོག་བོད་ཕྲུག་ཚོར་བོད་པའི་སྐད་དང་རིག་གཞུང་སློབ་མི་ཐུབ་པ་ནི་ཚང་མས་ཤེས་གསལ་ཡིན་པར་སོང་། མ་འོངས་འདིར་སྡོད་བོད་ཕྲུག་ཚོ་སྤྱི་ཚོགས་གང་ཞིག་ཏུ་འགྲོ་ནའང་རང་ཉིད་བོད་པ་ཡིན་པའི་གསལ་བཤད་དུ་བོད་ཀྱི་སྐད་ཡིག་ལ་གོམ་པ་ཅུང་ཙམ་སྤོ་ཐུབ་ན་ངོ་གནོང་མི་དགོས་པ་དང་། བོད་ཕྲུག་ཚོ་ཡང་མ་འོངས་བོད་ཀྱི་བདག་པོ་དང་ཆོས་རིག་གི་སོན་རྩ་ཡིན་པས་ང་ཚོས་སྒོ་གང་ནས་ཤུགས་རྒྱག་དགོས་པའི་དུས་ལ་སླེབས་ཡོད་རེད་ཅེས་གསུངས་འདུག

སྒོ་འབྱེད་མཛོ་སྒོ་དེར་ས་གནས་མུན་ཆེན་བོད་རིགས་ཚོགས་པའི་སྐུ་འཚབ་གཙོས་འབྲེལ་ཡོད་ཚོགས་སྡེ་ཁག་གི་ལས་སྣེ་དང་སྐུ་ཚབ་སོགས་དང་། དེ་བཞིན་ཕྲུ་གུའི་ཁྱིམ་བདག་གཙོས་ས་གནས་ཀྱི་བོད་རིགས་གང་མང་ཕེབས་ཡོད་འདུག

གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་དེར་ཕྲུ་གུ་ལོ་༥ ནས་༨ བར་འཛིན་གྲྭ་ལྟ་བུའི་སྡེ་ཚན་གཅིག་དང་། ལོ་༩ ནས་༡༥ བར་སྡེ་ཚན་གཅིག དེ་བཞིན་ཕྲུ་གུ་ལོ་༥ མན་ཆད་རྣམས་ཟུར་དུ་སྐབས་བསྟུན་སློབ་ཁྲིད་ཡོད་འདུག དགེ་རྒན་གསུམ་ཙམ་དང་། བསླབ་གཞི་རྣམས་ད་ལྟའི་ཆར་ཕྲུ་གུའི་ལོ་ཚོད་དང་མཐུན་པའི་སྒྲིག་གཞི་བཟོས་ཏེ། མ་འོངས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་ཁང་གི་སྲོལ་རྒྱུན་བྱིས་པའི་སློབ་དེབ་ཁག་དང་བོད་ནས་བཏོན་པའི་བྱིས་པའི་སློབ་དེབ་ཁག་གང་ལེགས་བེད་སྤྱོད་བྱེད་རྒྱུ་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 90

Leave a Reply