འཇིགས་བྲལ་གློག་བརྙན་བྱེད་པོ། དཔའ་རྒོད་དོན་གྲུབ་དབང་ཆེན་ལགས་འོ་རྒྱལ་ཆེ་སོང་། 

ཁོང་ལ་དགའ་ན། གློག་བརྙན་འདི་ལ་ཡང་བསྐྱར་ཐེངས་གཅིག་གཟིགས་རོགས

དགྲ་བོའི་གདུག་རྩུབ་ཀྱི་འཇིགས་པ་ལ་གདོང་ལེན་ཕོད་པའི་མི་ཕོ་སྙིང་ཁམས་ཅན། འཇིགས་པ་དེར་སྙིང་སྟོབས་ཀྱིས་དང་ལེན་ཕོད་པའི་དཔའ་རྒོད་རྒྱལ་ཞེན་ཅན། རིགས་ཞེན་དཀར་པོས་འཇིགས་པ་དེ་རྒྱང་དུ་འདེད་པའི་མཁས་མཛངས་ལ་རྒྱ་ཅན། ངོ་མ་འཇིགས་བྲལ་གྱི་དོན་སྙིང་ལྡན།

སྤྱི་ལོ ༢༠༠༨ ལོར་རྒྱ་ནག་པེ་ཅིང་དུ་ཨོ་ལོམ་པིག་རྩེད་འགྲན་བརྒྱུད། རྒྱལ་སྤྱིའི་ཐོག་བོད་ཀྱི་བདེན་པ་རྫུན་དུ་སྒྲོག་པའི་འགྲེལ་ལོག་དེར། གཞིས་ལུས་བོད་མིའི་གནས་བབ་ངོ་མ་དང་སེམས་འདུན་དམར་པོས་བདེན་རྫུན་དབྱེ་ཐག་གཅོད་པའི་དངོས་དཔང་ཞིག་གི་དོན་དུ། ཁྱེད་དང་བརྙན་འཕྲིན་ནང་གི་གཞིས་ལུས་སྤུན་ཟླ་མིང་སྲིང་ཚོས་སྙིང་སྟོབས་དང་མིག་ཆུས་འཛམ་གླིང་ལ་ཚེ་སྲོག་གིས་འབོད་པ་བྱས།

འབོད་པ་དང་ཚེ་སྲོག་གི་བློས་གཏོང་དེ་དག་ལོ་རྒྱུས་ཀྱི་དངོས་དཔང་གསོན་པོ་ཤ་སྟག་ཡིན་པས། རིན་ཐང་ཧ་ཅང་ཆེ།

དེ་ཡང་ཁྱེད་ཀྱིས་བླངས་པའི་དངོས་བྱུང་བརྙན་ཕབ་ལས། ཁྱེད་དང་བརྙན་ནང་གི་གཞིས་ལུས་སྤུན་ཟླ་ཚོས་དགྲ་ལ་ངོ་སྲུང་དང་འཇིགས་སྣང་མེད་པར། སྙིང་སྟོབས་ཆེན་པོ་དང་། སྐད་མགོ་མཐོན་པོས་དགྲ་བོ་རྒྱ་ནག་གི་གདུག་རྩུབ་དང་ངན་ཇུས། བོད་མིའི་དཀའ་སྡུག་དང་རེ་བ་བཅས་ཚེ་སྲོག་དམར་པོ་བློས་གཏོང་གིས་འདི་ལྟར་གླེང་ཞིང་། འདི་ལྟར་འཛམ་གླིང་ལ་བསྒྲགས་བྱུང་།

དགེ་འདུན་པ་དར་མ་ཞིག་གིས། རྩེད་མོ་རྩེད་བར་རང་དབང་དང་ཞི་བདེ་ཡོད་པ་ཞིག་དགོས་ཀྱང་། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་པེ་ཅིང་ཨོ་ལོམ་པིག་རྩེད་འགྲན་ལ་དགའ་སྤྲོ་དང་མོས་མཐུན་མེད་ཅེས་ཚིག་ཐག་ཆོད་པོས་བསྒྲགས།

ན་ཆུང་བུ་མོ་ཞིག་གིས། འུ་ཚོ་བོད་ལ་མཚོན་ན་རང་བཙན་མེད་པས། པེ་ཅིང་ཨོ་རྩེད་ལ་དགའ་སྤྲོ་དང་འཐད་པ་མེད་ཅེས་སྒྲ་གསལ་ལ་གོ་རིམ་ཡོད་པས་བསྒྲགས།

མིག་ཤེལ་གྱོན་པའི་དགེ་འདུན་པ་ཞིག་གིས། ཆོས་ལུགས་དད་མོས་རང་དབང་ཡིན་ཟེར་ཡང་། རང་དབང་རྩ་བ་ནས་མི་འདུག བོད་མིའི་བདེ་སྐྱིད་ཡོད་ཚད་ཀྱི་འབྱུང་གནས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་གྱི་རྣམ་པ་བསྟན་དགོས་པའི་བཙན་ཤེད་དང་གཡོ་སྐུལ་བྱེད་ཀྱི་ཡོད་ཅེས་བོད་མིའི་དད་དམ་དང་། དགྲ་བོའི་བཙན་གནོན་ཟུང་དུ་བསྒྲགས་སོང་།

ད་དུང་བརྙན་དེ་ལས་གཞིས་ལུས་བོད་མིས་རྒྱལ་བ་ཡིད་བཞིན་ནོར་བུའི་བརྙན་པར་ཙམ་ལ་ཡང་གུས་ཕྱག་གིས་རེ་སྒུག་བྱེད་པའི་དད་དམ་དང་དྲན་སེམས་དམར་པོ་མིག་ཆུས་བསྟན་སོང་།

ཕོ་རྒོད་དར་མ་ཞིག་གིས། བོད་མཐོ་སྒང་གི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཚོ་གཡོ་ཐབས་དང་བཙན་ཤེད་ཀྱིས་གནས་སྤོ་རུ་བཅུག་སྟེ། བོད་ཀྱི་རྩྭ་ཐང་དང་གཏེར་ཁ་ལ་གཏོར་བརླག་ཚབས་ཆེན་བཏང་བའི་དངོས་མྱོང་བསྒྲགས་སོང་།

ཡང་ཕོ་རྒོད་དར་མ་གཞན་ཞིག་གིས། བོད་ཀྱི་མི་རིགས་དང་། སྐད་ཡིག། ཐོན་ཁུངས། འཚོ་གནས་བཅས་ལ་རྒྱ་མི་རིགས་དང་། རྒྱ་ཡི་སྐད། རྒྱ་མིའི་དགོས་མཁོ་བཅས་ཀྱིས་བཙན་གནོན་དང་། བཤུ་བཞོག་གཏོང་བའི་ནག་ཉེས་སེམས་རྩ་འཁྱག་པོས་གླེང་།

གྲིབ་ནག་ནང་ངོ་གདོང་དེ་ཙམ་མི་གསལ་བའི་རྒད་པོ་ལོ་ལོན་ཞིག་གིས། རྒྱ་ཚང་གིས་མཛུབ་མོ་ལྔ་ལ་རྒྱལ་བ་རིགས་ལྔ་བཞེངས་ཀྱང་ཡིད་ཆེས་མེད། ཅེས་དངོས་མྱོང་རྩུབ་མོ་དབུགས་རིང་ནར་མོས་གླེང་།

གློག་བརྙན་དེའི་དུམ་མཚམས་ཞིག་ཏུ་ཁྱེད་ཀྱིས།  དོན་དངོས་བོད་ལ་ཡར་རྒྱས་བཏང་བ་མཐོང་རྒྱུ་མི་འདུག འབྲོག་ས་ན་ནོར་ལུག་འཚོ་མི་ཆོག་པར། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་ཟེར་ནས།འབྲོག་པ་བཙན་གྱིས་གནས་སྤོ་རུ་བཅུག་སྟེ།  བོད་ནང་རྒྱ་ནག་གིས་ཁང་པ་གསར་པ་བརྒྱབ་སྟེ། ཕྱི་ནས་བལྟས་ན་ཡར་རྒྱས་གཏོང་བའི་རྣམ་པ་ཡོད་ཀྱང་། དོན་ངོ་མར་བོད་མི་རིགས་ཀྱི་སེམས་པའི་སྡུག་བསྡལ་དེ་བཤད་ས་མེད་པ་ཆགས་འདུག་ཅེས། རྒྱ་ནག་གི་རྒྱབ་མདུན་དང་བོད་ཀྱི་བདེ་སྡུག་བསྔོགས་བྱུང་།

ཡང་གདོང་དམར་ཕོ་རྒོད་གཞན་ཞིག་གིས། མཐོ་སྒང་གི་འབྲོག་ས་ལྕགས་དྲྭས་བསྐོར་ནས་འབྲོག་པ་འབྲོག་སར་བསྡད་མ་བཅུག་པར་རོང་དུ་ཕབ་ཅིང་། ཞིང་ས་ཡར་ལ་འཕྲོགས་ནས་ཚེར་མ་བཏབ་སྟེ། བོད་རྐང་ནས་གཅོད་ཀྱི་ཡོད་ཅེས། དགྲ་བོ་རྒྱ་ནག་གིས་བོད་ཇི་ལྟར་གསོད་ཀྱི་ཡོད་པའི་བསྡོམས་བརྒྱབ་སོང་།

སྦྲ་གུར་ནང་བཙན་འོག་ནས་བོད་ཀྱི་རིག་གཞུང་ལ་སྦྱོང་བཞིན་པའི་རྡུང་ལེན་གྱི་སྐད་སྒྲའི་ནས་ཕོ་རྒོད་ལོ་ན་ཉི་ཤུ་ཅན་ཞིག་གིས། བོད་མི་རིགས་ཀྱི་རིག་གནས་འདི་ཉམས་གུད་དུ་འགྲོ་བཞིན་པར་སྙིང་ན་བས། ང་ཚོས་ཚོགས་པ་འདི་བཙུགས་ནས་ལམ་ཐག་རིང་ཡང་སྡེ་པ་སོ་སོ་ནས་ཡོང་སྟེ། དཀའ་ངལ་ལ་མ་འཛེམས་པར། ཡི་གེ་ཤེས་སུ་འཇུག་ཅིང་། དཀའ་ངལ་ལ་མགོ་མ་སྒུར་བར་མི་རིགས་འདི་ཡར་སྐྱེད་སྲིངས་ཡོང་བར་ཤུགས་རྒྱག་གི་ཡོད་ཅེས། རེ་བ་དང་སྤོབས་པས་འགྲེལ་དུས་ངས་བརྙན་ལ་བལྟ་བཞིན་ཁ་ནས་ཁྱེད་ཚོར་བཀའ་དྲིན་ཆེ་ཞེ་ལབ་འདོད་ཀྱི་མགྲིན་པ་བརྣངས་སོང་།

གློག་བརྙན་དེ་བལྟ་བའི་བརྒྱུད་རིམ་དུ། འགག་སྒོ་རེ་རེ་ནས་རྒྱ་མིའི་སྐོར་སྲུང་སྒྲིག་ཆས་གྱོན་པ་ཚོའི་མདུན་ནས་ཁྱེད་ཐོན་ཐེངས་དང་འཛུལ་ཐེངས་རེར། ངེད་གློག་བརྙན་དེ་བལྟ་མཁན་ཚོ་ལ་འཇིགས་པའི་ཤ་འདར་རྒྱག་མྱོང་ན།སྐབས་དེ་དག་ཏུ་ཁྱོད་ལ་ཇི་འདྲའི་འཇིགས་སྣང་དང་ཉེན་ཁ་མི་ཆེ་ཨང་།

དེ་དག་བསམས་དུས་ངོ་མ་ཁྱོད་དང་བརྙན་ནང་གི་མི་སྣ་ཚོ་ནི། བོད་ཀྱི་དོན་དུ་འཇིགས་པ་ལ་གདོང་ལེན་ཕོད་པའི་འཇིགས་བྲལ་མིང་དོན་མཚུངས་པ་ཤ་སྟག་ཡིན་པས། བོད་དང་ལོ་རྒྱུས་ཀྱིས་ཁྱེད་ཚོ་ནམ་ཡང་བརྗེད་མི་སྲིད། ངོ་མ་སེམས་གཏིང་ནས་ཁྱེད་རྣམ་པ་ཚང་མ་ལ་བཀའ་དྲིན་ཆེ་ཞུ། ཁྱེད་རྣམ་པ་ང་ཚོའི་དོན་དུ་འོ་རྒྱལ་ཆེ་སོང་བས། ངའི་ནང་མི་ཚོས་ཁྱེད་ཀྱི་བཟའ་ཟླ་བུ་ཕྲུག་དང་། བརྙན་ནང་གི་གཞིས་ལུས་ཕུ་ནུ་མིང་སྲིང་འབྲེལ་ཡོད་ཚང་མ་ལ་ངོ་མ་བཀའ་དྲིན་ཆེ་ཞུ།

སྔར་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་པའི་ནང་པཎ་ཆེན་རིན་པོ་ཆེས་ཚེ་སྲོག་གཏའ་མ་ལ་བཞག་ནས་སྐབས་དེའི་བོད་མིའི་དཀའ་སྡུག་ཡིག་འབྲུ་ཁྲི་བདུན་ལམ་ནས་བྲིས་པ་དང། དུས་རབས་ཉེར་གཅིག་པའི་ལོ་རབས་དང་པོའི་ནང་དཔའ་རྒོད་ཁྱེད་དང་། བརྙན་ནང་གི་གཞིས་ལུས་སྤུན་ཚོས་བོད་མིའི་དཀའ་སྡུག་གི་མིག་ཆུ་བརྙན་ལ་ཕབ་པ་གཉིས་ནི། དུས་རབས་རང་བཞིན་གྱི་བོད་མིའི་དངོས་མྱོང་དཀའ་སྡུག་གི་ཟིན་ཐོའི་རིན་ཐང་ལྡན་ཡོད།

བཙན་བྱོལ་ནང་དེང་སང་བོད་ཀྱི་ལུས་ལ་རྒྱ་ཡི་སེམས་པ་འཛུལ་བས། ནང་ལ་འཁྲུགས་ཅིང་ནང་ལ་ངར་བའི་དུས་ངན་འདིར། ཁྱེད་ཉིད་བཙན་བྱོལ་ནང་ཕེབས་པ་འདིས་སེམས་ལ་ངལ་གསོ་ཞིག་དང་དྲན་སྐུལ་ཞིག་སྦྱིན་བྱུང་བས།བཀའ་དྲིན་འཕར་མ་ཞུ་ལོས་དགོས།

མདོར་ན། འཇིགས་བྲལ་གློག་བརྙན་གྱིས་བསྟན་པ་ནི། གཞིས་ལུས་བོད་མིས་དགྲ་བོ་རྒྱ་ནག་གི་དབང་སྒྱུར་བཙན་གནོན་ལ་ནམ་ཡང་ངོས་ལེན་ཡིད་ཆེས་མེད་པ་དང། རྒྱ་ནག་གིས་བོད་ཀྱི་རིག་གཞུང་དང་། འཚོ་གནས་ཀྱི་གྲུབ་ཆ་རེ་རེ་ནས་ཇི་ལྟར་རྩ་མེད་གཏོང་བཞིན་པའི་དཀའ་སྡུག་ཁྲོད་ནས། གཞིས་ལུས་བོད་མིས་བོད་ཀྱི་མ་འོངས་པར་རེ་བ་ཤི་མེད་པར། བོད་ཀྱི་རིག་གཞུང་དང་། བོད་ཀྱི་མ་འོངས་པའི་དོན་དུ་དཀའ་སྡུག་དང་མིག་ཆུའི་ཁྲོད་ནས་བོད་སླར་གསོན་གྱི་ཨམ་གཙིགས་བསྡམ་ནས་ལངས་ཐབས་བྱེད་བཞིན་པའི་དངོས་བྱུང་བརྙན་དུ་ཕབ་ཡོད།

དེ་ལྟར་གློག་བརྙན་འདིས་བོད་གཞིས་བྱེས་བར་དུ་མིག་ཆུ་གཉིས་ཀྱི་ཐུག་འཕྲད་ཐེངས་གཅིག་བྱས་བཅུག་ཡོད་ལ། སེམས་པ་གཉིས་ཀྱི་སེམས་ངོ་ལན་གཅིག་འཕྲོད་པའི་སྡིངས་ཆ་མི་འཇིགས་པ་ཞིག་བསྐྲུན་ཡོད་པས། བཙན་བྱོལ་བོད་མི་ང་ཚོས་དེའི་རིན་ཐང་ལ་གོ་བ་ལོན་དགོས་ཚོད་ཡིན།

མཐར་གློག་བརྙན་དེའི་ནང་དཔའ་རྒོད་དོན་གྲུབ་དབང་ཆེན་གྱིས། ང་ལ་ཞུ་ཡག་ཅིག་ཡོད་པ་དེ། ལྟད་མོ་འདི་མཚན་སྙན་གྲགས་དང་། ལྟད་མོ་ཆེན་པོ་ཞིག་ཡོང་ཡག་གི་ཆེད་དུ་མིན་པར། བོད་རྒྱ་ཆེའི་མི་མང་ཐབས་ཟད་འུ་ཐུག་གི་ལས་ཀ་ཞིག་ཡིན་དུས། ཚང་མས་དོ་སྣང་ཡག་པོ་ཡོང་བའི་རེ་བ་ཆེ་ཤོས་ཡིན་གསུངས་ཡོད་པས། ཁོང་ལ་དགའ་ན། ཁོང་གི་ལས་འགུལ་འདི་ལ་རྒྱབ་སྐྱོར་ཡོད་ན། གློག་བརྙན་འདི་ལ་ཡང་བསྐྱར་ཐེངས་གཅིག་གཟིགས་རོགས། དེ་ནས་འགན་འཁུར་དང་རང་གནོངས་ལ་རང་ངོ་རེ་འཕྲོད་པར་ངེས།

སྤྱི་ལོ ༢༠༠༨ལོའི་བོད་ནང་གི་དྲག་གནོན་དང་། བོད་ཕྱི་ནང་གཉིས་ནང་གཉིས་ནས་མདོ་དབུས་ཁམས་གསུམ་ཆིག་སྒྲིལ་གྱི་ཡར་ལངས་དེ་དྲན་དུ་བཅུག་པས། བཙན་བྱོལ་བོད་མི་ནང་རུལ་ནང་འཁྲུགས་ཅན་ཚོས་རང་གནོངས་ལ་རང་ངོ་འཕྲོད་དགོས་པའི་དྲན་སྐུལ་གྱི་ཕོ་ཉ་ལྟར། ཁྱེད་ད་ལྟའི་སྐབས་སུ་བཙན་བྱོལ་ནང་ཕེབས་པ་ནི། ཇི་འདྲའི་རིན་ཐང་འཕར་མ་ཞིག

དེང་སང་བོད་ཀྱི་འདུ་ཤེས་ཅན་རྣམས་སེམས་པ་འཁྱག་བཞིན་པའི་དུས་འདིར། འཇིགས་བྲལ་གློག་བརྙན་ལ་བསྐྱར་བལྟ་ཞིག་བྱེད་དུས། ད་དུང་བོད་བཙན་པོའི་རུས་རྒྱུད་ཀྱི་ཚེ་སྲོག་ལྷག་ཡོད་པའི་གསོན་ཤུགས་ཀྱི་དྲོད་ཁོལ་སྦྱིན་བྱུང་བས། འདི་ནི་བརྙན་འདིའི་ནུས་པ་དང་རིན་ཐང་ཡུན་རིང་དུ་གནས་པའི་བདེན་དཔང་ལགས་ན། ང་དང་། ཁྱོད་དང་ཁྱོད་ཚོ་ཁ་བ་གངས་ཅན་པ་ཚོ་བོད་ཀྱི་དོན་དུ་ཡི་ཐང་ཆད་དུས། བརྙན་འདི་འདྲ་བ་དང་། བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱོས་དང་། ཁྱོད་རང་འགན་འཁྲིའི་གསོན་ཤུགས་དེ་མུ་མཐུད་གསོན་ངེས། མདོར་ན་ཁྱོད་རང་མུ་མཐུད་གསོན་ངེས།

སྤྱི་ལོ ༢༠༡༧། ཟླ ༡༢། ཚེས ༢༩ ཞོགས་པར་ནིའུ་ཡོག་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས།། །།

Print Friendly, PDF & Email
Share on Facebook36Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 125

Leave a Reply