འཇིགས་སྐུལ་དྲག་སྤྱོད་ཀྱི་འཆར་གཞི་འཐེན་མཁན་འཇུ་བཟུང་།

ཨོ་སི་ཀྲོ་ལི་ཡ་ནང་དུ་ལོ་གསར་པའི་སྔ་ནུབ་སྲུང་བརྩིའི་སྐབས་འཇིགས་སྐུལ་དྲག་སྤྱོད་ཀྱི་འཆར་གཞི་འཐེན་མཁན་ཞིག ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད་འདུག

ཟླ་༡༡ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ནང་དུ་གནས་སྡོད་བྱེེད་མཁན་རང་ལོ་༢༠ ཡིན་པ་ཞིག་གིས། ཟླ་༡༢ པའི་ཚེས་༣༡ ཉིན་ཏེ་ལོ་གསར་པའི་སྔ་ནུབ་སྲུང་བརྩིའི་ཉིན། མི་མང་ཕོན་ཆེན་འཛོམས་ཡུལ་གྲོང་ཁྱེར་གྱི་ཁྱམ་རྭ་གྲུ་བཞི་མ་ཞིག་ཏུ། མེ་མདའ་བརྒྱབ་ནས་འཇིགས་སྐུལ་དྲག་སྤྱོད་བྱེད་རྒྱུའི་འཆར་གཞི་འཐེན་ཡོད་སྐོར་གྱི་ཉེས་འཛུགས་བྱས་ཏེ། མི་དེ་འཛིན་བཟུང་བྱས་ཡོད་པ་རེད་འདུག

ཉེན་རྟོག་པས་བརྗོད་དོན་ལྟར་ན། མི་དེ་ཨོ་སི་ཀྲོ་ལི་ཡར་སྐྱེས་ཡོད་པ་དང་ཕ་མ་གཉིས་ནི་སོ་མ་ལི་ཡ་ནས་ཡིན་པ། དྲ་ཐོག་ནས་ཁོ་ལ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེ་ཌའི་ལག་དེབ་དང་འཇིགས་སྐུལ་དྲག་སྤྱོད་སྤེལ་སྟངས་ཀྱི་ལམ་སྟོན་ཐོབ་ཡོད་འདུག ཨེ་སི་སི་འཇིགས་སྐུལ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། ཁོས་མེ་མདའ་མ་ཉོས་གོང་ནས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

ལོ་སྔོན་མར་མེལ་བྷོན་གྲོང་ཁྱེར་གྱི་ཁྱམ་ར་གྲུ་བཞི་མ་དེར་མི་འབུམ་༥ ཡིས་ལོ་གསར་པའི་སྔ་ནུབ་སྲུང་བརྩི་བྱས་ཡོད་འདུག་པ་དང་། སྐབས་དེར་ཉེན་རྟོག་པས་འཇིགས་སྐུལ་དྲག་སྤྱོད་ཀྱི་འཆར་གཞི་ཆེན་པོ་ཞིག་བཟློགས་ཐུབ་པ་བྱུང་སྐོར་དང་། ཐེངས་འདིར་མི་དེ་འཇུ་བཟུང་བྱུང་རྗེས། ཉེན་རྟོག་པས་ད་ལྟའི་ཆར་མི་མང་ལ་ཉེན་ཁ་མེད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༤ ལོར་ཨོ་སི་ཀྲི་ལི་ཡའི་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ཉེན་ཁ་ཡོང་སྲིད་པ་མཐོང་ནས། ད་བར་མི་༧༤ ལ་འཇིགས་སྐུལ་རིང་ལུགས་པ་འཐབ་རྒོལ་ཁྲོད་ཉེས་འཛུག་བྱས་ཡོད་པ་རེད་འདུག

ལོ་ཁ་ཤས་སྔོན་ནས་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་མང་པོ་ཞིག་ནང་། ལོ་གསར་པ་དང་ཡེ་ཤུ་སྟོན་པའི་སྐྱེས་སྐར་སོགས་གུང་གསེང་གི་སྐབས་དང་བསྟུན་ནས། མི་མང་ལྷན་འཛོམས་བྱེད་ཡུལ་ས་གནས་ཆེན་པོ་ཁག་ལ། འཇིགས་སྐུལ་རིང་ལུགས་པ་ཚོས་དྲག་སྤྱོད་ཀྱི་རྣམ་པ་འདྲ་མིན་སྤེལ་ཡོད་པ་དང་། མི་གསོད་ཁྲག་སྦྱོར་ཆེན་པོ་བྱུང་ཡོད་པས། གུང་གསེང་དེའི་རིགས་ཀྱི་སྐབས་སུ་བདེ་སྲུང་མི་སྣ་རྣམས་ཀྱིས་དོགས་གཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 392

Leave a Reply