འདི་ལོར་བོད་ཡིག་གི་རྒྱུགས་འབྲས་ཁྲོད་གཞོན་ལྷན་གྱི་གཟེངས་རྟགས་ལེན་མཁན་སློབ་མ་༡༦ བྱུང་འདུག

འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་བརྒྱ་ཆ་རྩེ་ཕུད་ལེན་མཁན་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་སྤྲོད་ཀྱི་ཡོད་པ་ལྟར། འདི་ལོར་སློབ་མ་བཅུ་དྲུག་གིས་བརྒྱ་ཆ་དགུ་བཅུ་ཡན་བླངས་ཡོད་པས། ཚང་མར་གཟེངས་རྟགས་དང་ལག་ཁྱེར་སྤྲད་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐེངས་༤༥ པའི་གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་༣ པའི་དགོངས་དོན་བཞིན་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་བོད་ཡིག་རྩེ་ཕུད་ལོན་མཁན་སློབ་མ་གཅིག་ལ་བཀའ་དྲིན་རྗེས་དྲན་གྱི་བྱ་དགའ་ཧིན་སྒོར་༢༠༠༠༠ ཐམ་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྤྲོད་རྒྱུའི་ཐག་གཅོད་བྱུང་བ་ལྟར། ཕྱི་ལོ་ ༢༠༡༥ ལོ་ནས་འགོ་བཙུགས་ཀྱིས་དམིགས་བསལ་བྱ་དགའ་སྤྲད་ཡོད་པ་རེད།

འདི་ལོ་༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་བོད་ཡིག་བརྒྱ་ཆ་༩༩ ལེན་མཁན་སློབ་མ་གྲངས་བཅུ་དྲུག་བྱུང་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ནུ་ལྷན་ཚོགས་ངོས་ནས་སླད་མར་ཡང་གཞོན་སྐྱེས་རྣམས་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་འབད་པ་ལྷོད་མེད་ཡོངས་སླད་འདི་ལོ་བཀའ་དྲིན་རྗེས་དྲན་གྱི་བྱ་དགའ་དང་ཕྱག་ཁྱེར་དེ་བཞིན་དམིགས་བསལ་གྱི་སློབ་ཕྲུག་རེར་ཧིན་སྒོར་གཉིས་སྟོང་ཐམ་པ་སྤྲད་ཡོད་པ་རེད།

གཞོན་ལྷན་གྱི་གཟེངས་རྟགས་དེ་ནི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་མཚོན་ཆེད་དང་། སློབ་མ་ཚོའི་བོད་ཡིག་གི་ཤེས་ཚད་མཐོར་འདེགས་གཏོང་ཆེད། མ་འོངས་བོད་ཀྱི་སོན་རྩ་བསྐྱེད་བསྲིང་བཅས་ཀྱི་ཆེད་དུ་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||