འབར་མའི་ཁ་ཆེ་བ་ཚོར་དྲག་གནོན་དང་འབྲེལ་ནས་ཨང་སན་སུ་ཅི་ལ་སྐྱོན་བརྗོད།

འབར་མའི་རྒྱལ་ཁབ་ནང་གི་རུང་གྷི་ཡ་ཁ་ཆེ་གྲང་ཉུང་མི་རིགས་ལ་འབར་མའི་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ཁག་དཀྲི་ནས་དྲག་གནོན་བྱས་རྐྱེན། ཁ་ཆེ་བ་ཁྲི་གཅིག་ལས་མང་བ་བྲོས་བྱོལ་དུ་ཕྱིན་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་ལྕམ་ཨང་སན་སུ་ཅི་ཡི་བྱེད་ལས་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

ཟླ་༨ པའི་ཚེས་༣༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༨ པའི་ཚེས་༢༥ ཉིན་འབར་མའི་ནང་ཁ་ཆེ་མི་རིགས་མང་ཤོས་སྡོད་སའི་རག་ཀི་ནི་མངའ་ཁུལ་གྱི་ཉེན་རྟོག་ཁང་༣༠ ལ། ཁུལ་དེའི་ཁ་ཆེ་གྱེན་ལངས་རུ་ཁག་ཅིག་གིས་དྲག་རྒོལ་བྱས་ཡོད་འདུག་པ་དང་། དེའི་རྗེས་སུ་དམག་མིས་ཁུལ་དེའི་གྲོང་གསེབ་ཁག་བསྐོར་ནས་དྲག་རྒོལ་བྱས་ཏེ། མི་མང་པོ་བསད་ཡོད་པའི་གནས་ཚུལ་བྱུང་བ་ནས་བཟུང་། ཉིན་ལྔ་ཡི་ནང་ཚུད་དུ་ཁ་ཆེ་མི་རིགས་༡༨༥༠༠ ལྷག་རང་ཉིད་ཀྱི་ས་གནས་ནས་བྲོས་བྱོལ་དུ་ཕྱིན་ཡོད་འདུག ད་ལྟའི་ཆར་བྲོས་བྱོལ་བ་སྟོང་ཕྲག་མང་པོ་བྷང་ལ་ཌེ་ཤེར་འབྱོར་ཟིན་ཡོད་འདུག་ཀྱང་། སྟོང་ཕྲག་མང་པོ་ཞིག་ཕྱོགས་གཉིས་ཀྱི་ས་མཚམས་ལ་ལུས་ནས་བསྡད་ཡོད་པ་རེད་འདུག རྒྱལ་སྤྱིའི་གནས་སྤོ་བའི་ལས་ཁང་གིས་བྷང་ལ་ཌེ་ཤེར་ཁ་ཆེ་བྲོས་བྱོལ་བ་ཚོར་ཐོ་འགོད་བྱེད་པའི་བརྒྱུད་རིམ་མེད་པས། ད་ལྟའི་ཆར་བྲོས་བྱོལ་བ་ག་ཚོད་དེ་གར་འབྱོར་ཡོད་མེད་ཤེས་ཐབས་བྲལ་བ་ཡིན་སྐོ་ར་བརྗོད་འདུག

འབར་མའི་ནང་ཁ་ཆེ་མི་རིགས་ལ་དྲག་གནོན་གྱི་གནས་ཚུལ་བྱུང་རྗེས། དབྱིན་ཡུལ་གྱི་མཉམ་སྦྲེལ་རྒྱལ་ཁབ་སྐུ་ཚབ་ཀྱིས་རེ་སྐུལ་ལྟར། ཟླ་༨ པའི་ཚེས་༣༠ ཉིན་མཉམ་སྦྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་འཚོགས་ཡོད་འདུག་ཀྱང་། སྐབས་དེར་རྒྱལ་ཁབ་ཁག་ཅིག་གིས་དགག་བྱ་ལ་བརྟེན་ནས། བདེ་འཇགས་ལྷན་ཚོགས་ནང་བསམ་ཚུལ་གཅིག་མཐུན་གྱི་ཡ་ལན་བྱ་རྒྱུ་ཁག་པོ་ཡིན་འདུག་པ་དང་། གནད་དོན་དེའི་ཐད་བསྒྲགས་གཏམ་གང་ཡང་སྤེལ་མེད་པ་རེད་འདུག སྐབས་དེར་དབྱིན་ཡུལ་གྱི་སྐུ་ཚབ་པས་གསར་འགོད་པ་ཚོར། ལྕམ་ཨང་སན་སུ་ཅི་ལ་འབར་མའི་ནང་དབང་ཤུགས་ཆེན་པོ་ཡོད་པས། མོས་གནས་སྟངས་དེ་ཚབས་ཆུང་དུ་གཏོང་ཐབས་དང་དཀའ་ངལ་སེལ་ཆེད་དུ་ནང་འགྲིགས་ཡོང་ཐབས་བྱེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མེ་ཐིའུ་སེ་མི་ཐེ་ཡིས། ལྕམ་ཨང་སན་སུ་ཅི་ཡིས་སེམས་འཚབ་དགོས་པའི་བསྒྲགས་གཏམ་ཁག་ཅིག་སྤེལ་བཞིན་ཡོད་པ་དང་། མོའི་ལས་ཁུངས་ཀྱིས་རུང་གྷི་ཡ་ཁ་ཆེ་མི་རིགས་ལ་ཁ་གཏད་དང་། རོགས་སྐྱོབ་ལས་མི་ལ་ཁ་གཏད་ཀྱི་ཁྱབ་བསྒྲགས་སྤེལ་ནས། རྒྱལ་ཁབ་ནང་ཛ་དྲག་ཆེ་རུ་བཏང་ཡོད་སྐོར་བརྗོད་ནས། “དོན་དངོས་སུ་ཨང་སན་སུ་ཅི་ནི་འབར་མའི་འགོ་ཁྲིད་ཡིན་པས། མོས་རྒྱལ་ཁབ་ནང་ཞི་འཇམ་དང་དམག་མི་རྣམས་ཀྱིས་རང་ཚུགས་བཟུང་དགོས་པའོ་ཐོག་ལ་འབོད་སྐུལ་བྱེད་དགོས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་མོའི་བསྒྲགས་གཏམ་སྤེལ་བ་དག་ནི་འགན་ཁུར་མེད་པ་རེད་འདུག”ཅེས་དང་། ཐེངས་འདིའི་ཁ་ཆེ་བྲོས་བྱོལ་བ་ཚོས་བརྗོད་པའི་གནས་ཚུལ་ལས། དེ་སྔོན་འབར་མའི་དམག་མིས་ཁ་ཆེ་བ་སྡེབ་གསོད་དང་མཉམ་རུབ་ཀྱི་བཙན་གཡེམ། ཁང་པ་སོགས་མེར་སྲེག་པ་སོགས་བྱས་པ་དང་མཐུན་གྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༦ ལོར་ཁུལ་དེར་དྲག་གནོན་གྱི་གནས་ཚུལ་བྱུང་རྗེས། མི་མང་༨༥༠༠༠ བྷང་ལ་ཌེ་ཤེར་བྲོས་བྱོལ་དུ་ཕྱིན་ཡོད་འདུག

ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨང་སན་སུ་ཅི་ཡིས་འབར་མའི་ནང་མང་གཙོ་ཡོང་ཆེད་ལོ་མང་རིང་དཀའ་ལས་བརྒྱབ་རྗེས། ཕྱི་ལོ་༢༠༡༥ ལོའི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་། མོས་འགོ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་ཀྱིས་རྒྱལ་ཁ་ཆེན་པོ་བླངས་ནས། ད་ལྟའི་ཆར་གཞུང་འཛིན་ཚོགས་པ་ཡིན་པ་རེད། འབར་མའི་རྩ་ཁྲིམས་ལྟར་ལྕམ་ཨང་སན་སུ་ཅི་ཡི་བཟའ་ཟླ་དང་བུ་ཕྲུག་རྣམས་ཕྱི་རྒྱལ་མི་སེར་ཡིན་པས། མོ་སྲིད་འཛིན་ཆགས་ཐུབ་མེད་ཀྱང་། རྒྱལ་ཁབ་ཀྱི་སློབ་སྟོན་པ་ཞེས་པའི་དོན་དངོས་སུ་སྲིད་བློན་གྱི་གོ་གནས་དང་མཚུངས་པ་ཞིག་གསར་བཟོས་ཐོག ཨང་སན་སུ་ཅི་གོ་གནས་དེར་བསྐོ་གཞག་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༦ ལོའི་ཟླ་༡༢ པའི་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་༡༢ ཚུད་པའི་གནས་ཡོད་མི་སྣ་གྲངས་༢༠ ལས་མང་བ་ཞིག་གིས། མཉམ་སྦྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ལ་ཡོངས་གྲགས་ཞུ་ཡིག་ཅིག་བཏང་ནས།འབར་མའི་ནང་ཁ་ཆེ་མི་རིགས་རྩ་མེད་བཟོ་བའི་ཡིད་སྐྱོའི་གནས་སྟངས་ཆགས་ཉེན་སྐོར་དང་། དེ་མི་ཡོང་ཆེད་ཡ་ལན་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད་དེ། འབར་མའི་ནང་ཁ་ཆེ་མི་རིགས་ལ་དྲག་གནོན་གྱི་གནས་ཚུལ་ཐོག ལྕམ་ཨང་སན་སུ་ཅི་ཡིས་ད་བར་བསྒྲགས་གཏམ་ཤུགས་རྐྱེན་ཡོད་པ་ཞིག་སྤེལ་མེད་པས། རྒྱལ་སྤྱིའི་ནང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 318

Leave a Reply