འབར་མའི་ཁ་ཆེ་མི་རིགས་སྟོང་ཕྲག་མང་པོ་བྲོས་བྱོལ་དུ་འགྲོ་བཞིན་པ།

ནང་པ་མི་རིགས་མང་མོས་ཡིན་པའི་འབར་མ་རྒྱལ་ཁབ་ནང་། རྒྱལ་ཁབ་ཀྱི་དམག་མིས་ཁ་ཆེ་མི་རིགས་གནས་སྡོད་ཀྱི་ས་གནས་སུ་དྲག་རྒོལ་བྱས་རྐྱེན། ཁ་ཆེ་བ་སྟོང་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤེ་ལ་བྲོས་བྱོལ་འགྲོ་བཞིན་ཡོད་འདུག

ཟླ་༨ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༨ པའི་ཚེས་༢༥ ཉིན་འབར་མའི་ནང་ཁ་ཆེ་མི་རིགས་མང་ཤོས་སྡོད་སའི་རག་ཀི་ནི་མངའ་ཁུལ་གྱི་ཉེན་རྟོག་ཁང་༣༠ ལ། ཁུལ་དེའི་ཁ་ཆེ་གྱེན་ལངས་རུ་ཁག་ཅིག་གིས་དྲག་རྒོལ་བྱས་ཡོད་འདུག་པ་དང་། དེའི་རྗེས་སུ་དམག་མིས་ཁུལ་དེའི་གྲོང་གསེབ་ཁག་བསྐོར་ནས་དྲག་རྒོལ་བྱས་ཏེ། མི་མང་པོ་བསད་ཡོད་པ་རེད་འདུག

འབར་མའི་གཞུང་གིས་བརྗོད་དོན་ལྟར་ན། མི་གྲངས་༡༠༠ ལ་ཉེ་བའི་ཚེ་སྲོག་ཤོར་ཡོད་འདུག་ཀྱང་། འབར་མའི་ཁ་ཆེ་མི་རིགས་ཀྱི་བདེ་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས། བརྒྱུད་ལམ་ཁག་ཏུ་དྲག་རྒོལ་དེའི་ཁྲོད་ད་བར་མི་གྲངས་ཉུང་མཐར་༨༠༠ ཡི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་ཁ་གྲངས་དེ་གཉིས་ར་སྤྲོད་བྱེད་ཐབས་བྲལ་བ་ཡིན་འདུག

ཁུལ་དེར་སྡོད་མཁན་ཁ་ཆེ་བ་ཞིག་གིས་བརྒྱུད་ལམ་ཁག་ཏུ་བརྗོད་པར་གཞིགས་ན། དམག་མིས་གྲོང་གསེབ་ནང་དུ་སླེབས་ནས་མེ་མདའ་གང་བྱུང་དུ་བརྒྱབ་ཡོད་པ་དང་། དེ་རྗེས་ཁང་པ་སོགས་མེར་སྲེག་ཡོད་པས། དེའི་ཁྲོད་བུད་མེད་དང་ཕྲུ་གུ་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད་འདུག

ཟླ་༨ པའི་ཚེས་༢༥ ཉིན་ནས་ད་བར་ཁ་ཆེ་མི་རིགས་༥༠༠༠ ནས་༡༠༠༠༠ བར་རང་ཉིད་ཀྱི་སྡོད་གནས་ནས་བྲོས་བྱོལ་འགྲོ་པའི་གནས་སྟངས་ཆགས་ཡོད་འདུག་པ་དང་། ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤེ་ལ་ད་ལྟའི་ཆར་བྲོས་བྱོལ་བ་༣༠༠༠ ལྷག་སླེབས་ཟིན་ཡོད་འདུག དེ་བཞིན་ཟླ་༨ པའི་ཚེས་༢༦ ཉིན་བྷང་ལ་ཌེ་ཤེའི་ས་མཚམས་བདེ་སྲུང་དམག་མིས་བྲོས་བྱོལ་བ་མི་གྲངས་༧༠ ཞིག་ས་མཚམས་ནས་ཕྱིར་ལོག་བཏང་ཡོད་འདུག

ཕྱི་ལོ་༢༠༡༦ ལོའི་ཟླ་༡༠ པའི་ནང་རག་ཀི་ནི་ཁུལ་དུ་ས་མཚམས་ཀྱི་བདེ་སྲུང་མི་སྣ་༩ བསད་ཡོད་པ་དང་། འབར་མའི་གཞུང་གིས་དྲག་རྒོལ་དེ་ཁ་ཆེ་གྱེན་ལངས་རུ་ཁག་ཅིག་གི་བྱེད་ལས་ཡིན་སྐོར་བརྗོད་ནས། ཁུལ་དེར་དྲག་གནོན་ཁྱབ་ཆེན་པོ་བྱས་ཡོད་པ་རེད། སྐབས་དེར་དམག་མི་ཚོས་ཁ་ཆེ་མི་རིགས་མང་པོ་དོན་མེད་བསད་པ་དང་། མནར་གཅོད་དང་བཙན་གཡེམ་བཏང་ཡོད་པའི་ཉེས་འཛུགས་ཀྱི་གནས་ཚུལ་ཆེན་པོ་བྱུང་བས། མཉམ་སྦྲེལ་རྒྱལ་ཁབ་ཀྱིས་གནས་དོན་དེའི་ཐད་རྟོག་ཞིབ་བྱེད་ཀྱི་ཡོད་ཀྱང་། འབར་མའི་གཞུང་གིས་ཉེས་འཛུགས་དེར་ངོས་ལེན་མ་བྱས་ནས། རྟོག་ཞིབ་ལ་མཐུན་སྦྱོར་བྱེད་ཀྱི་མེད་པ་རེད་འདུག

འབར་མའི་ནང་ཁ་ཆེ་མི་རིགས་དང་ནང་པ་མི་རིགས་བར་འཁྲུགས་འཛིངས་ཐེངས་མང་པོ་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོའི་འོས་བསྡུའི་སྐབས་འབར་མའི་གཞུང་གིས་ཁ་ཆེ་མི་རིགས་མང་པོ་ཞིག་གི་མི་སེར་ལག་ཁྱེར་ཕྱིར་བསྡུ་བྱས་ཏེ་འོས་བསྡུར་མཉམ་ཞུགས་བྱེད་ཐབས་མེད་པ་བཟོས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 471

Leave a Reply