འཛམ་གླིང་ནང་སྲོག་ཐོག་ཉེས་ཆད་མང་ཤོས་གཏོང་མཁན་རྒྱ་ནག་ཡིན་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འཛམ་གླིང་ནང་རྒྱལ་ཁབ་ཚང་མས་སྲོག་ཐོག་ཉེས་ཆད་བཏང་བའི་ཁྱོན་བསྡོམས་ཁ་གྲངས་ལས། རྒྱ་ནག་གིས་སྲོག་ཐོག་ཉེས་ཆད་བཏང་བའི་ཁ་གྲངས་དེ་མང་བ་ཆགད་ཡོད་སྐོར་བརྗོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༦ ལོའི་ནང་རྒྱལ་སྤྱིའི་ནང་སྲོག་ཐོག་ཉེས་ཆད་ཀྱི་བརྒྱ་ཆ་༣༧ མར་ཆགས་ཡོད་འདུག་ཀྱང་། བརྒྱ་ཆ་དེའི་ནང་རྒྱ་ནག་ནང་སྲོག་ཐོག་བཏང་བའི་ཁ་གྲངས་ཚུད་ཀྱི་མེད་པ་རེད། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ལོ་རེར་རྒྱལ་ནང་དུ་སྲོག་ཐོག་ཉེས་ཆད་བཏང་བའི་ཁ་གྲངས་གསང་བ་བྱེད་ཀྱི་ཡོད་པས་ཡིན་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གིས་ལོ་རེར་མི་གཅིག་སྟོང་ལས་མང་བར་སྲོག་ཐོག་ཉེས་ཆད་གཏོང་གི་ཡོད་པར་ཚོད་དཔག་བྱས་འདུག ཚོགས་པ་དེའི་དྲུང་ཆེ་སྐུ་ཞབས་ས་ལིལ་ཤི་ཊི་ཡིས་ “རྒྱ་ནག་ལ་འཛམ་གླིང་སྡིངས་ཆའི་ཐོག་འགོ་ཁྲིད་བྱེད་འདོད་ཡོད་པ་རེད་དེ། ལོ་རེར་འཛམ་གླིང་རྒྱལ་ཁབ་ཚང་མ་ལས་མང་བར་སྲོག་ཐོག་ཉེས་ཆད་བཏང་ནས། དེའི་ཐོག་ཁོང་ཚོ་འགོ་ཁྲིད་སྡུག་ཤོས་དེ་ཆགས་ཀྱི་ཡོད་པ་རེད་”ཅེས་དང་། རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཉེས་ཆད་བཏང་བའི་ཁ་གྲངས་དང་དེའི་སྒྲིག་སྲོལ་གང་འདྲ་ཡིན་པ་གསལ་སྟོན་བྱེད་པའི་དུས་ལ་བབ་ཡོད་སྐོར་བརྗོད་འདུག

རྒྱ་ནག་མ་བརྩིས་ན་ཕྱི་ལོ་༢༠༡༦ ལོར་འཛམ་གླིང་ནང་སྲོག་ཐོག་ཉེས་ཆད་བཏང་བའི་ཁ་གྲངས་ནི་༡༠༣༢ ཡིན་པ་དེ།  ཕྱི་ལོ་༢༠༡༥ ལོའི་ཁ་གྲངས་༡༦༣༤ ལས་བརྒྱ་ཆ་༣༧ མར་ཆགས་འདུག དེ་ཡང་ལོ་འདིར་པ་ཀི་སི་ཐན་དང་ཨི་རན་གཉིས་ཀྱི་ནང་དུ་སྲོག་ཐོག་ཉེས་ཆད་ཀྱི་ཁ་གྲངས་ལོ་སྔོན་མ་ལས་ཉུང་དུ་ཕྱིན་པས་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 129

Leave a Reply