འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་བསམ་ཚུལ།

དེ་རིང་གླེང་འདོད་པ་ནི་དེང་སྐབས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་སྲིད་སྤྱི་འོས་འདེམས་གནང་ཕྱོགས་དང་འབྲེལ་བའི་བསམ་ཚུལ་འདྲ་མིན་བཤད་མཁན་ཙམ་དུ་མ་ཟད། ལས་འགུལ་སྤེལ་མཁན་འདུག་ན་དེ་དག་ནི་དགའ་སྒོམ་འོས་པའི་གནས་སྟངས་ལོས་ཡིན་སྙམ། ལྷག་པར་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་བླ་མེད་དུ་བཞེས་ནས་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་དེང་རབས་འགྲོ་རྒྱུག་ཆེ་བའི་མང་གཙོའི་ལམ་བཟང་གསར་འཛུགས་གནང་བ་དང་། བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམ་པའི་མང་གཙོའི་གསོལ་རས་གནང་བ་དེ་དག་ནི་ཆེས་རླབས་ཆེན་རེད་བསམ་གྱི་ཡོད།

དེ་ཡང་བོད་ས་དགྲ་ལག་ཏུ་ཤོར་ནས་༸སྐྱབས་མགོན་རིན་པོ་ཆེས་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་བཙན་བྱོལ་ཕེབས་ནས་རིམ་གྱིས་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་དེང་རབས་དང་མཐུན་པའི་མང་གཙོའི་ལམ་དུ་བསྐྱོད་རྒྱུར་དགོངས་པ་ཆེས་བཞེས་གནང་ཡོད། ཕྱི་ལོ་ ༡༩༦༠ ལོའི་ཕྱི་ཟླ་དང་པོར་༸སྐྱབས་མགོན་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་ལ་ཕེབས་ནས་བཙན་བྱོལ་བོད་གཞུང་དེ་མང་གཙོའི་རིང་ལུགས་སུ་བསྒྱུར་དགོས་པའི་བཀའ་སློབ་གནང་དོན་ལྟར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་འཐུས་མི་འཛོམས་པའི་ཐོག་ནས་ཕན་ཚུན་བསམ་ཚུལ་བགྲོ་གླེང་ལྷུག་པོ་གནང་སྟེ་མཐའ་མིའི་ཐག་ཆོད་དེ་མི་མང་གི་འོས་འདེམས་ལམ་ནས་བོད་མི་མང་སྤྱི་འཐུས་འདེམས་དགོས་པའི་དགོངས་ཚུལ་གཅིག་མཐུན་བྱུང་དོན་ལྟར་དངོས་སུ་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་དངོས་སུ་དབུ་ཚུགས་པ་རེད། དེ་ནས་རིམ་པའི་འོས་འདེམས་གནང་ཕྱོགས་ལ་འཕེལ་རྒྱས་རིམ་པ་ཕྱིན་ཡོད། ད་དུང་ཡིན་ནའང་སྙིགས་འདོར་བཅུད་ལེན་འཕེལ་རྒྱས་གཏོང་དགོས་པ་དེ་ཡང་གལ་ཆེ་རང་བཞིན་ཞིག་རེད་མོད།

ད་ལྟ་ང་ཚོ་མི་ཡུལ་ལ་བཙན་བྱོལ་བའི་ངོ་བོའི་ཐོག་ནས་ས་ཆ་ལག་མཐིལ་ཙམ་ཡང་མེད་པའི་འོག་ལ་བསྡད་ཡོད་དུས་རྒྱལ་ཁབ་ཡོད་པ་ནང་བཞིན་ཕན་ཚུན་མཚུངས་བསྡུར་གནང་ན་གང་འདྲ་ཞིག་ཡོང་གི་ཡོད་ན་སྙམ་པའི་ཚོར་སྣང་ཤར་ཡོང་གི་འདུག་ཅིང་། ང་ཚོའི་༸སྐྱབས་མགོན་རིན་པོ་ཆེས་གཙོས་མི་རབས་རྒན་པ་རྣམས་ཀྱི་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ནས་བཙན་བྱོལ་བོད་མིིའི་སྤྱི་འཐུས་འོས་འདེམས་གནང་ཕྱོགས་འདི་ཉིད་གཏན་འབེབས་གནང་ཡོད་པ་ཞིག་ཡིན་དུས་དེ་དག་ལ་ང་ཚོའི་ངེས་པར་དགོངས་པ་བཞེས་དགོས་སྙམ། ལྷག་པར་༸སྐྱབས་མགོན་རིན་པོ་ཆེའི་དང་ཐོག་ནས་ཐུགས་དགོངས་རླབས་ཆེན་བཞེས་ནས་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་འོས་འདེམས་གནང་ཕྱོགས་གཏན་འབེབས་གནང་ཡོད་པ་རེད། དེ་ནི་གལ་ཆེ་རང་བཞིན་རེད་བསམ་གྱི་ཡོད། ང་ཚོ་བཙན་བྱོལ་གྱི་གནས་སྐབས་རིང་ལ་ཆོལ་གསུམ་དང་ཆོས་ལུགས་ཀྱི་སྤྱི་འཐུས་འོས་འདེམས་གནང་ཕྱོགས་དེ་གནས་དགོས་པ་དེ་གལ་ཆེ་རེད་སྙམ་ཡོད།

ཡང་འགའ་ཤས་ཀྱིས་ཆོལ་ཁའི་མིང་ཐོག་ནས་འོས་འདེམས་གནང་ཕྱོགས་ལ་འགྱུར་བ་གཏོང་དགོས་འདུག་ཟེར་བ་དང་། ཡང་འགའ་ཤས་ཀྱིས་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཀྱི་མི་འདུག་གསུང་མཁན་འདུག་ཅིང་། གལ་སྲིད་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པའི་ཐོག་ནས་སྤྱི་འཐུས་འོས་འདེམས་གནང་བ་ཡིན་ན་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ལ་ཕན་གནོད་ག་ཚོད་ཅིག་ཡོང་གི་ཡོད་ན་དེ་དགོངས་པ་བཞེས་དགོས་པ་ཞིག་རེད། སྔ་ནས་ད་ལྟའི་བར་དུ་བོད་ཆོལ་གསུམ་ཆིག་སྒྲིལ་ལ་གནས་ཐུབ་པ་བྱུང་བ་དེ་ནི་ཆོས་ལུགས་ཀྱི་ཐོག་ནས་གནས་ཐུབ་པ་བྱུང་འདུག་བསམ་གྱི་ཡོད། འོན་ཀྱང་ཆོས་ལུགས་ཀྱི་ཐོག་ནས་འཐབ་རྩོད་དེ་འདྲ་མ་བྱུང་བ་ཡང་མ་རེད། བྱུང་མྱོང་ཡོད་པ་རེད། གང་ལྟར་ནའང་ཆོས་ལུགས་ཀྱི་ཐོག་ནས་བོད་ཀྱི་ཤེས་རིག་གི་ཐོག་ལ་བྱས་རྗེས་ཆེན་པོ་བཞག་འདུག་སྙམ། དེ་ནི་ཞོར་འཕྲོས་ཙམ་ཡིན།  མཁས་དབང་ཟམ་གདོང་རིན་པོ་ཆེས། ༸སྐྱབས་མགོན་རིན་པོ་ཆེས་དེ་དུས་ནས་དེ་ཙམ་གྱི་རླབས་ཆེ་བའི་དགོངས་པ་དེ་འཁོར་ནས་ང་ཚོའི་སྤྱི་འཐུས་ལྷན་ཁང་དང་པོ་ཚུགས་དུས་ཆོལ་ཁ་ཆོས་ལུགས་དང་བཅས་པའི་སྤྱི་འཐུས་ཚུགས་པ་དེ་རླབས་ཆེན་གྱི་གཟི་བརྗིད་ཅིག་རེད་བསམ་གྱི་ཡོད། ཅེས་གསུང་བཤད་གནང་དོན་ལྟར་རེད།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ལ་སྲིད་སྤྱི་འོས་འདེམས་གནང་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཤུགས་ཆེ་གནང་བ་དང་། དཔལ་ལྡན་བཀའ་ཤག་གིས་སྲིད་སྤྱི་འོས་འདེམས་སྐབས་སྔོན་འགྲོ་དང་དངོས་གཞི་ཞེས་ཐེངས་གཉིས་དགོས་ཀྱི་མི་འདུག་ཐེངས་གཅིག་གནང་ན་འགྲིགས་ཀྱི་འདུག་གསུངས་ནས་བཀའ་སྤྱི་བསམ་ཚུལ་མ་མཐུན་ནས་བཀའ་ཤག་གྲོས་ཚོགས་ནས་ཐོན་ཕེབས་པ་རེད།

༢༠༡༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་འོས་འདེམས་སྐབས་ཀྱི་འདས་ཟིན་པའི་ལོ་རྒྱུས་ནང་ལ་ཕན་ཚུན་ཆོལ་ཁའི་འཐེན་འཁྱེར་གྱི་གླེང་སློང་དེ་སྔོན་བྱུང་མ་མྱོང་བའི་ངན་ཕྱོགས་ཀྱི་འཁྲུགས་ཆ་འདོད་ཤོས་དེ་བྱུང་བ་རེད། རྒྱུ་མཚན་དེ་དག་བརྟེན་༸སྐྱབས་མགོན་རིན་པོ་ཆེ་ཡང་ཐུགས་ཕམ་དགོས་པའི་གནས་ཚུལ་བྱུང་ཡོད་ལ། བོད་དོན་ཐོག་ལ་ཤ་ཚ་ཡོད་མཁན་དུ་མ་ཞིག་ཀྱང་བོད་མིའི་བྱེད་སྟངས་དེ་དག་ལ་སེམས་འཚབ་སྐྱེ་དགོས་བྱུང་ཡོད། ད་ནི་ང་ཚོའི་འདས་ཟིན་པའི་གནས་སྟངས་དེ་དག་བསླབ་བྱར་བླངས་ནས་འགོ་འོག་ཚང་མའི་ངོས་འཛིན་གནང་ནས་ལས་དོན་གནང་དགོས་པ་ཞིག་ལས་གནས་སྐབས་ཀྱི་དགོས་དབང་དང་བསྟུན་ནས་ལས་དོན་ནམ་ཡང་བྱེད་མི་རུང་བ་དེ་རེད། ངས་གནས་སྐབས་ཀྱི་དགོས་དོན་དང་བསྟུན་ནས་ལས་དོན་བྱེད་ཀྱི་འདུག་ཅེས་གཏན་ནས་བརྗོད་ཀྱི་མེད།  དེ་སྔོན་སྲིད་སྤྱི་སྐབས་ཀྱི་ནད་གཞི་རྙིང་པ་ད་དུང་ཡང་མ་ཡལ་བར་སྐད་ཚོགས་དེ་འདྲ་ནང་ལ་བསྐྱར་སློང་བྱེད་མཁན་ཡོད་རབས་བཤད་བསྡད་ཀྱི་འདུག་ཅིང་། དེ་འདྲ་གནང་མཁན་ཡོད་ན་ནོར་འཁྲུལ་ཞིག་རེད་སྙམ་གྱི་ཡོད། འདས་ཟིན་པའི་འོས་འདེམས་ཉིན་མོ་དེ་ནས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གྱུར་ཚར་བར་ཞིག་ངོས་འཛིན་བྱེད་དགོས་པ་ལས་ད་དུང་ནད་རྙིང་དེ་དག་སྐྱར་སློང་བྱས་བསྡད་ན་ཡག་པོ་གཏན་ནས་མེད་པ་དེ་རེད། ད་ནི་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་པ་ཞིག་ལས་འདི་མུས་བཞིན་ཕྱིན་པ་ཡིན་ན་མ་འོངས་པ་བློ་འགྱོད་སྐྱེ་མི་སྲིད་པ་ཞིག་གཏན་ནས་མི་འདུག་སྙམ། སྙིགས་འདོར་བཅུད་ལེན་གནང་དགོས་པ་དེ་ཡང་གལ་ཆེའི་རང་བཞིན་ཞིག་རེད་སྙམ། སྔོན་འགྲོ་དང་དངོས་གཞི་ཞེས་པ་ཐ་སྙད་དེ་མེད་པའི་ཐོག་ནས་སྲིད་སྤྱི་དུས་གཅིག་ལ་འོས་འདེམས་གནང་བ་ཡིན་ན་དགེ་མཚན་དུ་མ་ཞིག་ཏུ་མཐོང་། སྔོན་འགྲོ་དང་དངོས་གཞི་གཉིས་བྱེད་དུས་མི་མང་པོ་མཉམ་ཞུགས་ཐུབ་ཀྱི་མེད། རྒྱུ་མཚན་ང་ཚོ་ནི་གཞན་དབང་སྟབས་བསྟུན་འོག་ཏུ་སྡོད་དགོས་པ་དང་། མི་མང་རྣམས་འཚོ་བ་རང་མགོ་རང་ཐོན་བྱེད་དགོས་དུས་མི་མང་པོ་མཉམ་ཞུགས་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། སྔོན་འགྲོ་དང་དངོས་གཞི་ཞེས་གཉིས་མི་དགོས་པ་གཅིག་ལ་འཐུས་པ་གནང་བ་ཡིན་ན་མི་མང་ལ་བརྡབ་གསིག་ཉུང་བ་དང་། རང་གཞུང་ལ་འགྲོ་གྲོན་ཉུང་དུ་འགྲོ་བ། སྐབས་འཚོལ་རིང་ལུགས་པ་ལ་གོ་སྐབས་ཉུང་དུ་འགྲོ་བ་སོགས་ཀྱི་དགེ་མཚན་དུ་མ་ཞིག་ལྡན་གྱི་ཡོད་པ་ཞིག་ཏུ་མཐོང་། དེ་སྔོན་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་བར་དེར་སྐབས་འཚོལ་རིང་ལུགས་པ་ལ་གཏམ་བརྗོད་འཁྲབ་ས་ལྟ་བུ་ཞིག་ཏུ་འགྱུར་ནས་རང་བཞིན་མེད་པའི་འཁྲུགས་ཆ་འདོད་པོར་གྱུར་གྱིན་འདུག་སྙམ། སྲིད་སྤྱི་འོས་འདེམས་སྔོན་འགྲོ་དང་དངོས་གཞི་ལ་ངེས་པར་བསྒྱུར་བཅོས་དོན་ཕན་ལྡན་པ་ཞིག་གཏོང་དགོས་པ་ཞིག་ཏུ་མཐོང་། མ་འོངས་པ་སྲིད་སྤྱི་འོས་འདེམས་དུས་གཅིག་ལས་མི་དགོས་པ་བྱུང་ཡིན་ན། ཆོལ་ཁོངས་དང་ཆོས་བརྒྱུད། གཞན་ཚོགས་སྡེ། སྒེར་སོ་སོ་བཅས་ནས་ཤེས་ཡོན་ལྡན་པའི་མི་སྣ་འོས་བསྡུ་ལྷན་ཁང་ལ་མཚན་གཞུང་འབུལ་བ་དང་། དེ་ནས་ཆོལ་ཁ་དང་ཆོས་བརྒྱུད་ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ནས་མི་སྣ་བསྐོ་འཛུགས་ཀྱིས་འོས་བསྡུ་ལས་ཁུངས་མཉམ་དུ་འོས་མི་དེ་དག་གི་འོས་ཆོས་ཚང་མིན་ཞིབ་འཇུག་གནང་ནས་མཐའ་མ་འོས་བསྡུ་ལྷན་ཁང་ནས་འོས་མིག་བཀྲམ་སྟེ་སྲིད་སྤྱི་འོས་འདེམས་ཉིན་གཅིག་གནང་བ་ཡིན་ན་མི་ཆོག་པ་ཞིག་མི་འདུག་སྙམ། དེ་ནི་ངའི་རྨོངས་འཆར་ཙམ་ཞིག་རེད།

དེ་ལྟར་མ་ཡིན་པས་ཡིན་གཅིག་མིན་གཅིག་སྔོན་འགྲོ་དང་དངོས་གཞི་གཉིས་མེད་ན་མེད་ཐབས་མེད་པ་ཞིག་ཡིན་ན་ངེས་པར་སྔོན་འགྲོ་དང་དངོས་གཞིའི་བར་ཐག་དུས་ཚོད་ཉུང་དུ་གཏོང་དགོས་པ་བསམ་ལ། སྤྱི་ཚོགས་ནང་ལ་ཕྲན་བུ་རྙོག་གླེང་ཉུང་བ་ཡོང་ངེས་སྙམ། ཅིག་བྱས་ན་རང་ཉིད་ཆབ་སྲིད་ཀྱི་གོ་རྟོགས་དམན་པའི་དབང་གིས་སྐྱོན་ཡང་ཡིན་སྲིད། འོན་ཀྱང་རང་ཉིད་ཀྱི་སེམས་ནང་ན་གང་དྲན་པ་རྣམས་གཡོ་ཟོལ་མེད་པ་བཤད་དགོས་རྒྱུ་དེ་ཡང་གལ་ཆེའི་རང་བཞིན་ཞིག་ཏུ་མཐོང་བས་གསལ་བརྗོད་བྱས་ཡོད།

ལྷག་པར་ང་ཚོའི་སྤྱི་ནང་ལ་ལས་ཀྱི་སྣེ་མོ་བ་འགའ་ཤས་ཀྱིས་དེ་སྔོན་ཆོལ་ཁའི་ཞེན་ཁོག་དགོས་ཚུལ་ཐོས་མྱོང་ཡོད་ཞིང་། དེ་དག་ནི་གཅིག་བྱས་ན་ཡག་པོ་ཡིན་གྱི་རེད་དེ། མི་མང་པོ་ཞིག་འགོ་འཁྲུགས་ཏེ་བཟང་ཕྱོགས་ཀྱི་གོ་བ་མ་ལོན་པའི་ཐོག་ལྡོག་ཕྱོགས་ཀྱི་གོ་བ་བླངས་ནས་ང་ཚོའི་སྤྱི་ཚོགས་ནང་ལ་འཁྲུགས་གཞི་ཞིག་ཏུ་གྱུར་གྱི་མེད་ན་སྙམ།

དེ་བཞིན་ཆོལ་ཁའི་མིང་ཐོག་ནས་སྲིད་སྐྱོང་འོས་མི་དེ་ཁྱོན་ནས་འདོན་རྒྱུ་མེད་པ་བཟོ་དགོས་ཀྱི་འདུག་མ་གཏོགས་ཆོལ་ཁའི་མིང་ཐོག་ནས་སྲིད་སྐྱོང་གི་འོས་མི་བཏོན་ཡོང་དུས་རང་བཞིན་མེད་པར་ང་ཚོའི་སྤྱི་ཚོགས་ནང་ལ་འཁྲུགས་གཞི་ཆེན་པོ་ཞིག་ཏུ་གྱུར་གྱི་འདུག་སྙམ། ཆོལ་ཁའི་ངོས་ནས་ང་ཚོའི་སྤྱི་ནང་གི་མི་སྣ་ཤེས་ཡོན་ཅན་དང་། ལྷག་བསམ་ཅན། རང་ཚུགས་ལྡན་པ་ཞིག་འོས་འདེམས་ཡོང་ཐབས་ཆེད་དུ་དམིགས་ནས་ལས་འགུལ་དེ་སྤེལ་བ་ཡིན་གྱི་རེད་དེ། ང་ཚོའི་སྤྱི་ཚོགས་ནང་ལ་དེ་ལས་ལྡོག་སྟེ་བརྒྱུད་ལམ་ཁག་ཏུ་བདེན་མིན་གྱི་དཀྲོག་གཏམ་དུ་མ་ཞིག་སྤེལ་མཁན་འགྱུར་ཏེ། དེ་སྔོན་ཆོལ་ཁ་དང་། ཆོས་ལུགས་ཀྱི་ལྟ་བ་དེ་ཙམ་མེད་མཁན་གྱི་མི་སྣ་དེ་ཚོ་ཡང་རང་བཞིན་མེད་པའི་ཆོལ་ཁའི་ཞེན་ཁོག་སླེབས་ནས་མེ་སྟེང་ལ་ས་སྣུམ་བླུགས་པ་དང་ཀུན་ནས་མཚུངས་པར་གྱུར་གྱི་འདུག་ཅིང་། རྒྱུ་མཚན་དེ་དག་ལ་བརྟེན་མ་འོངས་པ་སྲིད་སྐྱོང་འོས་མི་ཆོལ་ཁའི་མིང་ཐོག་ནས་བཏོན་རྒྱུ་མེད་པ་བཟོས་ན་ལེགས་པར་སེམས། དེ་སྔོན་ངོ་ཤེས་གྲོགས་བཟང་ཞིག་ཡོད་ཅིང་། ཁོ་པ་དུས་རྒྱུན་བོད་དོན་ཐོག་ལ་དོ་སྣང་བྱེད་པ་ལས་ཆོལ་ཁའི་ཞེན་ཁོག་གི་ལྟ་བ་མེད་མཁན་ཞིག་ཡིན་མོད། ད་རེས་སྲིད་སྤྱི་འོས་འདེམས་ཀྱི་བརྒྱུད་རིམ་དེ་དག་ནས་ཁོ་པ་རང་བཞིན་མེད་པར་སེམས་ནང་ལ་མ་སྐྱིད་པ་དང་། ན་གཞོན་དུ་མ་ཞིག་དེ་འདྲའི་ལྟ་བ་ལ་འགྱུར་ལྡོག་རིམ་པ་ཐེབས་ན་དེ་ནི་སེམས་ཕམ་དགོས་པ་གནས་ཚུལ་ཞིག་རེད། ཆོལ་ཁའི་འཐེན་འཁྱེར་བྱ་བ་ངན་པ་དེ་དག་འདོར་དགོས་ལ། ང་ཚོས་ཆོལ་ཁ་ལས་མི་རིགས་གཙོ་བོ་འཛིན་པ་དང་། སྒེར་ལས་སྤྱི་གཙོ་བོ་འཛིན་དགོས་པ་དེ་རེད་སྙམ།

ད་ནི་དགྲ་དགའ་གཉེན་སྡུག་མི་ཡོང་བའི་ཆེད་དུ་མཁྱེན་དཔྱོད་ལྡན་པའི་མཛད་གཙོ་རྣམ་པའི་དགོངས་པ་གཏིང་ཟབ་བཞེས་པའི་ཐོག་ནས་མིས་བལྟས་ན་འགྲིག་འདུག་བསམ་པ་ཞིག་དང་། རང་ཉིད་ཀྱིས་བལྟས་ན་འགྲིག་ཡོད་བསམ་པ་ཞིག་ཡོང་བའི་རེ་སྐུལ་དང་བཅས། འདི་དག་ནི་མི་ཕལ་པ་ས་མཐའི་སྤྲང་འཁྱམ་ཞིག་གི་སེམས་ནང་གང་ཤར་བ་རྣམས་བྲིས་པ་ཞིག་ལས་གཞན་དམིགས་ཡུལ་གཉིས་པ་གང་ཡང་མེད་ན་དེ་ལུགས་ཀློག་པ་པོ་རྣམས་ཀྱི་དགོངས་འཇགས་མཛོད། ཅེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༣ ཉིན་མོར་ཕུལ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 126

Leave a Reply