རང་གི་སྐྱེས་དམན་བསད་ནས་རོ་དང་མཉམ་དུ་ཉིན་གསུམ་ཉལ་འདུག

ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་ནང་མི་མང་པོ་ཞིག་གིས་དགའ་བོའི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་། རྒྱལ་ས་ལྡི་ལིར་སྐྱེས་པ་ཞིག་གིས་རང་ཉིད་ཀྱི་སྐྱེས་དམན་བསད་གཏུབ་ཀྱི་གནས་ཚུལ་ཚབས་ཆེན་ཞིག་ཉེན་རྟོག་པས་ཤེས་རྟོགས་བྱུང་ཡོད་པ་དང་། སྐྱེས་པ་དེ་འཇུ་བཟུང་བྱས་ཡོད་འདུག

ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད་ཤེས་རྟོག་བྱུང་བར་གཞིགས་ན། རང་ལོ་༤༠ ཡིན་པའི་ཆུ་སྦུག་བཟོ་མཁན་ཀུ་མཱར་གྱིས་རྒྱུན་དུ་རང་གི་སྐྱེས་དམན་དང་བུ་མོ་གཉིས་ལ་ཉེས་རྡུང་གཏོང་གི་ཡོད་པ་དང་། ཟླ་༦ སྔོན་ཁོས་བུད་མེད་གཞན་ཞིག་དང་གསང་བའི་ཐོག་ཆང་ས་བརྒྱབ་ནས། བུད་མེད་དེ་ཁོ་ཚོའི་ཁང་པའི་འགྲམ་གྱི་ཁང་པ་ཞིག་ནང་སྤོས་ཡོད་འདུག རྗེས་སུ་ཁོའི་སྐྱེས་དམན་གྱིས་གསང་བ་དེ་ཧ་གོ་ནས་ཁོ་དང་ཁ་བྲལ་རྒྱུ་ཡིན་སྐོར་བརྗོད་ནས་ཁོ་གཉིས་འཁྲུག་པ་བརྒྱབ་པས། ཁོས་ཚེས་༩ ཉིན་བུ་མོ་གཉིས་ས་གནས་གཞན་ལ་ཡོད་པའི་སྐྱེས་དམན་གྱི་ནང་མིའི་འགྲམ་དུ་བཏང་ནས། སྐྱེས་དམན་གསད་རྒྱུའི་འཆར་གཞི་བསྒྲིགས་ནས། ཚེས་༡༡ ཉིན་མོ་ཆེད་དུ་འཁྲུག་པ་རྒྱབ་ནས་མོའི་མགོ་ལ་ཆུ་བུག་གཞུས་ཏེ་བསད་ཡོད་འདུག

ཁོས་ཤི་བོའི་རོ་དེ་ཁང་པའི་ཕྱི་ལ་འཁྱེར་ཐབས་མ་ཐོན་ནས། ཉིན་གསུམ་རིང་སྐྱེས་དམན་གྱི་རོ་དང་མཉམ་དུ་ཉལ་ཁྲིའི་སྟེང་ཉལ་ཡོད་འདུག ཚེས་༡༤ ཉིན་ཁོས་སོག་ལེ་ཞིག་ཉོས་ནས། རོ་དེ་དུམ་བུ་མང་པོར་གཏུབས་ནས། མགོ་དེ་ཁང་ཐོག་གི་སྡམ་གཟེར་ཞིག་ལ་བཀལ་ཡོད་འདུག ཁོས་རོའི་དུམ་བུ་རྣམས་ཕྱི་ལ་ཁྱེར་ནས་གཡུག་རྒྱུ་བྱས་ཀྱང་། རོའི་དྲི་མ་ཁང་པའི་ཕྱི་ལ་ཁྱབ་པས། ཁྱིམ་མཚེས་ཚོས་ཁོ་ལ་དྲི་མའི་སྐོར་དྲི་བ་དྲིས་དུས། ཁོས་སྐྱེས་དམན་བསད་པ་ངོས་ལེན་བྱས་ཡོད་འདུག་པས། ཁོང་ཚོས་ཉེན་རྟོག་པར་ཁ་པར་བཏང་ནས། ཁོ་འཇུ་བཟུང་བྱས་ཡོད་འདུག

སྤྱིར་རྒྱ་གར་གྱི་ཁྱིམ་ནང་གི་དྲག་རྡུང་གི་གནས་ཚུལ་མང་པོ་ཐོན་གྱི་ཡོད་ཁར། གནས་ཚུལ་མང་ཆེ་བ་ཁྱོ་གས་སྐྱེས་དམན་དང་ཕྲུ་གུར་རྡུང་རྡེག་གི་གནས་ཚུལ་འབྱུང་གི་ཡོད་ཀྱང་། སྐྱེས་དམན་མང་པོ་ཞིག་གིས་རྡུང་རྡེག་དེའི་རིགས་ཉེན་རྟོག་པར་སྙན་སེང་ཞུ་ཡི་མེད་པའི་གནས་ཚུལ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 491

Leave a Reply