རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་བསྒྲགས་གཏམ།

ཧྥ་རན་སི། ཕྱི་ལོ་ ༢༠༡༧ ཟླ་ ༠༨ ཚེས་ ༢༣
སྔོན་གླེང་།
བོད་ནི་རི་མཐོ་ས་གཙང་། ཤར་གླིང་གི་ཆུ་བོ་ཕལ་མོ་ཆེའི་འབྱུང་ཁུངས་སུ་གྲགས་ལ། ས་ཁྱོན་ཆེ་ཞིང་། ལྷག་ཏུ་ཕྱི་ལོ་བརྒྱ་ཕྲག་དྲུག་པ་ཙམ་ནས་བརྒྱ་ཕྲག་བརྒྱད་པའི་གཡས་གཡོན་ཏུ་དབུས་ཤར་གླིང་གི་ཁུལ་དུ་དམག་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་གི་གནས་བབས་བཟུང་མྱོང་བ་མ་ཟད། བཟོ་རྩལ་སོགས་སྤྱི་ཚོགས་དཔལ་ཡོན་གྱི་འཕེལ་རྒྱས་མྱུར་ཞིང་རྒྱས་པོར་བྱུང་ཡོད་པ་ནི་སྔོན་བྱུང་ལོ་རྒྱུས་སུ་གསལ་པོར་ཡོད།
ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་བོད་མི་རྣམས་འཛམ་གླིང་རྒྱལ་སྤྱིའི་ཁྲོད་ནས་ཟུར་སྡོད་ཀྱིས་རྒྱུན་རིང་གནས་པ་དང་། བར་ལམ་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཛུལ་དབང་བསྒྱུར་བྱས་ཏེ། བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་རྒོལ་ཚད་ལས་འདས་པ་བྱས་ཤིང་། ལྷག་པར་རྒྱ་ནག་གིས་མི་སེར་སྤེལ་ཡུལ་དང་གཉའ་གནོན་བྱེད་ཡུལ་གྱི་གནས་སུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་བོད་མི་རིགས་རིག་གནས་དང་བཅས་པ་རྩ་མེད་དུ་གཏོང་བར་བརྩམས་དང་རྩོམ་བཞིན་ཡོད་པར་བརྟེན། དུས་རབས་ཕྱེད་ལྷག་གི་རིང་ལ་ཐ་ན་བོད་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་རང་ཡུལ་ནས་རང་ཉིད་གྲངས་ཉུང་མི་རིགས་སུ་བསྒྱུར་བཞིན་ཡོད་ནའང་། བོད་མི་རྣམས་ལ་དོན་མེད་གཞན་གྱི་བརྙས་བཅོས་མི་ཁུར་པའི་གོམས་གཤིས་ཤིག་ཡོད་པར་བརྟེན། བོད་ཀྱི་བདག་དབང་འཐབ་རྩོད་ཀྱི་འདུ་ཤེས་བརླགས་མེད་ལ། བདེན་དོན་རྩོད་ལེན་གྱི་སྦྱོར་བ་གཏན་ནས་མཚམས་འཇོག་མྱོང་མེད། ལྷག་པར་དེང་སྐབས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཏུ་གྲགས་པ་དེ་ཚོས་ཀྱང་རྒྱ་ནག་ལ་བསྟུན་མཁས་འགྲོགས་མཁས་བྱེད་དགོས་པའི་གནས་བབས་ཤིག་ཏུ་གྱུར་ཡོད་ཀྱང་། བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པར་ཐ་ན་རང་ལུས་མེར་སྲེག་བྱེད་པར་ཡ་མི་ང་བར་རྩོད་བཞིན་ཡོད་པ་རེད་ལ། དེ་ལྟར་འཐབ་རྩོད་བྱེད་པ་དེ་ཡང་བོད་མི་རྣམས་མི་རེ་ངོ་རེ་ལ་འཁྲི་བའི་མི་རིགས་དང་དུས་བབ་ཀྱི་འགན་ཁུར་ཞིག་ཏུ་ལྟ་བཞིན་ཡོད་པས། ད་ཐེངས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་འདི་ཡང་བོད་རང་བཙན་ནམ་བོད་རྒྱལ་ཁབ་སླར་གསོ་བྱ་བའི་ལས་འགུལ་ཞིག་ཡིན། ཚོགས་ཆེན་འདིའི་ཐོག་ང་ཚོས་རྒྱ་ནག་མང་གཙོ་དོན་གཉེར་པ་དང་། ཐའེ་ཝན། ལྷོ་སོག ཤར་ཏུར་ཀི་སི་ཐན་བཅས་ཀྱི་རང་དབང་རང་བཙན་རྩོད་ལེན་པ་ཁག་ཅིག་དང་མཉམ་དུ་སོ་སོའི་མངོན་འདོད་རྩོད་ལེན་བྱེད་ཕྱོགས་བསམ་ཚུལ་བརྗེ་རེས་དང་། ནུས་པ་མཉམ་སྤུངས་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཐད་བགྲོ་གླེང་བྱས་ཏེ། ད་ལྟའི་རྒྱ་དམར་གཞུང་འདི་ནི་གྲོས་མོལ་དང་སྤྱི་ཆིངས་ཀྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་པ་དང་། དེ་ལ་ཁག་ཐེག་འགན་སྲུང་བྱེད་མཁན་གྱི་གཞུང་ཞིག་མིན་པ་ངོས་འཛིན་བྱུང་བ་དང་། བོད་མི་ཚོགས་ཞུགས་པ་ནང་ཁུལ་དུ་བོད་རྒྱལ་ཁབ་སླར་གསོ་ཡོང་ཐབས་སྐོར་གྲོས་བསྡུར་བྱས་པ་ཡིན།
༡༽    བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཐའེ་ཝན་བཅས་ཀྱི་རང་བཙན་འཐབ་རྩོད་པ། རྒྱ་ནག་གི་མང་གཙོ་དོན་གཉེར་བ་བཅས་ཀྱིས་མ་འོངས་པར་སོ་སོའི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་བྱུང་ཡོད།
༢༽    ཚོགས་ཆེན་ཐོག་བོད་མི་དང་། ལྷོ་སོག ཤར་ཏུར་ཀི་སི་ཐན། ཐའེ་ཝན་བཅས་རྒྱ་ནག་གི་དབང་བསྒྱུར་འོག་སྡོད་འདོད་མེད་པར་རྒྱལ་ཁབ་སླར་གསོ་དགོས་པ་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ནས་ཐར་དགོས་པར་གཅིག་གྱུར་གྱིས་ངོས་འཛིན་བྱས་ཡོད།
༣༽    མ་འོངས་པའི་སྐབས་ཤིག་ལ་ང་ཚོ་བོད་གཞུང་མང་གཉིས་ཀས་བོད་རང་བཙན་འཐབ་རྩོད་བྱ་བའི་ལངས་ཕྱོགས་གཅིག་གྱུར་དུ་ཡོང་སྲིད་པའི་ཚོད་དཔག་ཐུབ་པར་བརྟེན། ང་ཚོས་བོད་རང་བཙན་འཐབ་རྩོད་ཀྱི་གནད་དོན་མ་བརླགས་པ་དང་། འཐབ་རྩོད་པའི་སོན་རྩ་སྐྱེད་སྲིང་བྱ་དགོས།
༤༽    རྒྱ་ནག་གི་བཙན་གནོན་འོག་ནས་འདས་གྲོངས་སུ་སོང་བ་དང་། མནར་གཅོད་མྱངས་དང་མྱོང་བཞིན་མཁན། རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་མཁན་རྣམས་ཀྱི་འབོད་སྒྲ་དང་ཁ་ཆེམས་ནི་ཤུལ་ལྷག་ང་ཚོའི་རྩ་དོན་གྱི་ཆེད་དུ་ཡིན་པ་ངོས་ཟིན་པའི་ཐོག་ནས། ང་ཚོས་དེའི་ངོ་བོ་དང་རྣམ་པ་གང་ལ་ཡང་བསྒྱུར་བཅོས་མི་ཡོང་བར་བདག་ཉར་དང་ཁྱབ་སྤེལ་བྱ་རྒྱུའི་འགན་ཁུར་དགོས།
༥༽    བོད་རྒྱལ་ཁབ་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་བཟུང་། འཕགས་བོད་ས་མཚམས་ནི་རྒྱ་དཀར་ནག་གི་ས་མཚམས་ཡིན་པར་ངོས་འཛིན་ཐོག རྩོད་གླེང་རིམ་པ་བྱུང་ཡོད་ལ། ཉེ་བའི་ཆར་ནས་ས་མཚམས་དེ་རྩོད་རྙོག་ཆེ་རུ་འགྲོ་བཞིན་ཡོད་མོད། དེ་ནི་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པས། དེའི་ཐོག་རྒྱ་ནག་ལ་རྩོད་གླེང་ཐག་གཅོད་བྱེད་རྒྱུའི་དབང་ཚད་མེད་ལ། བོད་རང་བཙན་སླར་གསོ་མ་ཐུབ་བར་དུ་ས་མཚམས་དེའི་རྩོད་རྙོག་ཐག་གཅོད་ཡོང་ཐབས་མེད་པར་ངོས་འཛིན་བྱེད་རྒྱུ་ཡིན།
མཐར་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འདའ་ཁའི་ཞལ་ཆེམས་དང་ཐུགས་དགོངས་ཡོངས་སུ་འགྲུབ་སྟེ། ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་བ། བོད་རང་བཙན་རྒྱལ་ཁབ་ཀྱི་ཉི་མ་མྱུར་དུ་འཆར་བ་དང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་ཅིང་བཞེད་དགོངས་ཡོངས་སུ་འགྲུབ་པའི་སྨོན་འདུན་དང་བཅས། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ནས་ཕྱི་ལོ་ ༢༠༡༧ ཟླ་ ༠༨ ཚེས་ ༢༣ ཉིན། ཧྥ་རན་སིའི་རྒྱལ་ས་པེ་རེ་སི་ནས་སྤེལ། ། བོད་རྒྱལ་ལོ། །

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 214

Leave a Reply