རི་མོ་རྙིང་པ་ཞིག་གིས་ཨ་སྒོར་ས་ཡ་༤༥༠ ཁུགས་འདུག

ཨི་ཊ་ལིའི་རི་མོ་བ་སྙན་གྲགས་ཅན་ལི་ན་ཌོར་ཌ་ཝེན་སི་ཡིས་བྲིས་པའི་རི་མོ་ཞིག་ལ། རིན་སྤར་འཚོང་སྒྱུར་ཐོག་ཨ་སྒོར་ས་ཡ་༤༥༠.༣ ཁུགས་ནས། ད་བར་རི་མོ་གོང་ཆེ་ཤོས་ཆགས་པའི་ཟིན་ཐོ་གསར་པ་བཞག་འདུག

ཟླ་༡༡ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༥༠༥ ཡི་རྗེས་སུ་ཨི་ཊ་ལིའི་རི་མོ་བ་སྙན་གྲགས་ཅན་ལི་ན་ཌོར་ཌ་ཝེན་སི་ཡིས་བྲིས་པའི་རི་མོ་འཛམ་གླིང་གི་མགོན་སྐྱབས་(Salvator Mundi)ཞེས་པ་དེར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་འཚོགས་པའི་རིན་སྤར་འཚོང་སྒྱུར་ཞིག་གི་ཐོག་ཏུ། ཐོག་མར་ཨ་སྒོར་ས་༡༠༠ ལ་རིན་གོང་བརྒྱབ་ནས་རིན་སྤར་འཚོང་སྒྱུར་བྱས་ནས། མཐའ་མར་རི་མོ་དེར་ཨ་སྒོར་ས་ཡ་༤༥༠.༣ ཁུག་ནས་བཙོངས་འདུག་པས། ད་བར་རི་མོ་ཞིག་ལ་རིན་གོང་མཐོ་ཤོས་ཁུག་པའི་ཟིན་ཐོ་གསར་པ་བཞག་འདུག དེ་སྔོན་གྱི་རི་མོ་རིན་གོང་ཆེ་ཤོས་ནི་སེ་པན་གྱི་རི་མོ་པི་ཁ་སོ་ཡི་རི་མོ་ཨེལ་ཇི་རི་ཡའི་བུད་མེད་ཅེས་པ་དེར་ཨ་སྒོར་ས་ཡ་༡༧༩.༤ ཁུགས་ཡོད་པ་རེད་འདུག

རི་མོ་དེའི་ནང་ཡི་ཤུ་ཡིས་རིག་གནས་བསྐྱར་དར་སྐབས་ཀྱི་དུག་ལོག་གོན་ནས་ལག་པ་གཅིག་ཡར་བཀྱགས་ཡོད་པ་དང་། ལག་གཞན་དེའི་ནང་ཟླུམ་གཟུགས་ཅན་གྱི་ཤེལ་ཞིག་འཁྱེར་ཡོད་པ་རེད་འདུག རི་མོ་དེ་སྤྱིར་བཏང་ཕྱི་ལོ་༡༥༥༠ ཡི་རྗེས་སུ་དབྱིན་ཡུལ་གྱི་རྒྱལ་པོ་ཆལ་སེ་དང་པོ་ཡི་བདག་ཏུ་བཟུང་ཡོད་ཀྱང་། རྗེས་སུ་མང་ཚོགས་དཀྱིལ་ལ་མཐོང་རྒྱུ་མེད་པ་ཆགས་ཡོད་འདུག ཕྱི་ལོ་༡༩༥༨ ལོར་མང་ཚོགས་དཀྱིལ་དུ་སླར་ཡང་ཐོན་ནས་རིན་སྤར་འཚོང་སྒྱུར་བྱས་སྐབས། དེ་རྫུན་མ་ཡིན་སྐོར་བརྗོད་ནས་ཨ་སྒོར་༥༩ ལས་ཁུག་མེད་འདུག རྗེས་སུ་ཕྱི་ལོ་༢༠༠༥ ལོར་རི་མོ་ཉོ་ཚོང་བྱེད་མཁན་ཚོགས་པ་ཞིག་གིས་ཨ་སྒོར་ཁྲི་གཅིག་ལས་ཉུང་བ་སྤྲད་ནས་ཉོས་རྗེས། བསྐྱར་གསོ་བྱས་ཏེ་ཌ་ཝན་སི་ཡིས་བྲིས་པ་ཡིན་པ་ར་སྤྲོད་བྱས་འདུག་པ་དང་། ཕྱི་ལོ་༢༠༡༣ ལོར་ཨུ་རུ་སུའི་ཚོང་པ་ཞིག་གིས་སྒེར་གྱི་ཐོག་ནས་ཨ་སྒོར་ས་ཡ་༡༢༧.༥ སྤྲད་ནས་ཉོས་ཡོད་པ་དང་། ལོ་བཞི་ཡི་རྗེས་ལ་ཨ་སྒོར་ས་ཡ་༤༥༠.༣ ཁུགས་ཡོད་འདུག

སྙན་གྲགས་ཅན་གྱི་རི་མོ་ལི་ན་ཌོ་ཌ་ཝེན་སི་ནི་ཕྱི་ལོ་༡༤༥༢ ལོའི་ཟླ་༤ པའི་ཚེས་༡༥ ཉིན་ཨི་ཊ་ལིར་སྐྱེས་ཡོད་པ་དང་། ཁོང་གིས་བྲིས་པའི་རི་མོ་མང་པོ་ཞིག་ལ་དགའ་བསུ་ཆེན་པོ་ཐོབ་ནས་དེའི་ནང་གི་སྙན་གྲགས་ཆེ་ཤོས་ནི་མོ་ན་ལི་ས་ཞེས་པ་དེ་ཡིན་པ་རེད། ད་ལྟའི་ཆར་འཛམ་གླིང་ནང་ཁོང་གིས་བྲིས་པའི་རི་མོ་༢༠ ལས་ལྷག་མེད་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་༡༥༡༩ ལོའི་ཟླ་༥ པའི་ཚེས་༢ ཉིན་ཁོང་ཧྥ་རན་སིར་གྲོངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 308

Leave a Reply