རིགས་རུས་དབྱེ་འབྱེད་ཀྱི་ཆབ་སྲིད་པ་ཚོས་འཛམ་གླིང་ཁ་འཐོར་གཏོང་གི་འདུག

ཤོག་ཁག་དབྱེ་འབྱེད་དང་མི་སྤྱོད་ལས་འགོངས་པའི་གཏམ་བཤད་སྤེལ་མཁན་གྱི་ཆབ་སྲིད་པ་ཚོས། འཛམ་གླིང་ཁ་འཐོར་དང་ཉེན་ཁ་རང་བཞིན་ཅན་དུ་བསྒྱུར་གྱི་འདུག་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་ལོ་འཁོར་སྙན་ཐོ་ཞིག་གི་ནང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ནི། ཁོང་ཁྲོ་ཆེ་བ་དང་རིགས་དབྱེའི་ཤོག་ཁག་བཟོ་མཁན་གྱི་ཆབ་སྲིད་མི་སྣའི་དཔེ་མཚོན་དུ་བཞག་ཡོད་འདུག་པ་དང་། དེ་བཞིན་ཏུར་ཀིའི་སྲིད་འཛིན་སྐུ་ཞབས་ཨེར་ཌོ་གྷན་དང་། ཧྥི་ལི་པིན་གྱི་སྲིད་འཛིན་སྐུ་ཞབས་ཌུ་ཊེར་ཊི། ཧང་གྷི་རིའི་སྲིད་བློན་སྐུ་ཞབས་ཨོར་བྷན་བཅས་ལ་ཡང་། འཇིགས་སྐུལ་གྱི་གཏམ་བཤད་སྤེལ་མཁན་དང་། ཤོག་ཁག་དབྱེ་འབྱེད། ཉེས་འཛུགས་བྱེད་མཁན་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ས་ལིལ་ཤེ་ཏིས་“ད་ཆ་འགོ་ཁྲིད་ཧ་ཅང་མང་པོས་མང་ཚོགས་ཀྱི་ཐོབ་ཐང་རྩོད་ལེན་གྱི་ཚབ་ཏུ། ཆབ་སྲིད་ཀྱི་དམིགས་ཡུལ་དུ་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་བཟང་པོ་རྣམས་བརྡལ་བཤིག་གཏོང་བའི་ལས་འཆར་སྤེལ་གྱི་འདུག་”ཅེས་བསྒྲགས་ཡོད་པ་དང་། དེ་བཞིན་ཁོས་ཕྱི་ལོ་༡༩༣༠ ཡི་སྐབས་འཇར་མན་རྒྱལ་ཁབ་ནང་ཧི་ཐེ་ལེར་གྱི་དབང་ཤུགས་ཆེ་རུ་འགྲོ་བའི་དུས་སྐབས་ལུང་འདྲེན་བྱས་ནས། དུས་སྐབས་དེའི་རྗེས་སུ་རྒྱལ་སྤྱིའི་ནང་ང་ཚོ་དང་ཁོ་ཚོ་ཞེས་བེད་སྤྱོད་བྱས་ནས། ཉེས་འཛུགས་དང་། འཁོན་འཛིན། འཇིགས་སྣང་སོགས་ཤུགས་ཆེན་སློང་བའི་ལོ་ནི་ཕྱི་ལོ་༢༠༡༦ ཡིན་སྐོར་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་ཕྱི་ལོ་༢༠༡༦ དང་༢༠༡༧ ལོའི་ལོ་འཁོར་སྙན་ཐོ་དེའི་ནང་། འཛམ་གླིང་གི་རྒྱལ་ཁབ་ཁག་༡༥༩ ཚུད་ཡོད་པ་དང་། དེའི་ནང་ཨ་རི་དང་ཡུ་རོབ་བཅས་སུ་སྐྱབས་བཅོལ་བ་རྣམས་ལ་ཆེད་དམིགས་ཀྱིས་སྡང་ཟུག་དྲག་པོའི་གཏམ་བཤད་སྤེལ་བའི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་རྐྱེན། རིགས་རུས་དང་། ཕོ་མོ། རྒྱལ་ཁབ། ཆོས་ལུགས་བཅས་ཀྱི་དབྱེ་བའི་ཐོག་ནས་མི་མང་ལ་རྒོལ་རྡུང་དང་དབྱེ་འབྱེད་ཀྱི་གནད་དོན་མང་བ་ཡོང་སྲིད་པ། དེ་བཞིན་སྔར་རྒྱལ་ཁབ་གཞན་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལས་ཀ་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་བསྒྲགས་མཁན་ཚོས། ད་ལྟའི་ཆར་རང་རྒྱལ་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་མེད་སྐོར་འཁོད་ཡོད་འདུག

ཡང་དེའི་ནང་འཁོད་དོན་དུ་“ད་ཆ་ཆབ་སྲིད་པ་ཚོས་མི་རིགས་དབྱེ་འབྱེད་དང་། བུད་མེད་ལ་སྡང་ཟུག   མཚན་མཐུན་འཁྲིག་སྤྱོད་བཅས་ཀྱི་ངོ་བོ་གཞིར་གཞག་ནས་བཟོས་པའི་སྲིད་ཇུས་དང་། ཁོ་ཚོའི་འཁོན་འཛིན་སློང་བའི་གཏམ་བཤད་རྣམས་ངོ་ཚ་ཁྲེལ་མེད་ཀྱི་སྒོ་ནས་ཁྲིམས་མཐུན་བཟོ་ཐབས་བྱེད་ཀྱིན་འདུག” ཅེས་འཁོད་ཡོད་འདུག་ལ། དེ་བཞིན་ཚོགས་པ་དེས་སྲིད་གཞུང་ཚོས་ཆབ་སྲིད་ཀྱི་དམིགས་ཡུལ་དང་ཁེ་ཕན་གྱི་ཆེད། སྐྱབས་བཅོལ་བའི་གནད་དོན་དེ་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

དེ་བཞིན་མི་མང་ཆེ་བ་ཁ་ཆེས་ཟིན་པའི་ལུང་པ་ཁག་བདུན་ནས་ཨ་རིར་གནས་སྤོ་བྱེད་མཁན་དང་། སྐྱབས་བཅོལ་བ་བཅས་ཡོང་མི་ཆོག་པ་བཟོས་པའི་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་དམིགས་བསལ་དཔེ་མཚོན་དུ་དྲངས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook10Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 179

Leave a Reply