རྒྱ་ཁོག་སྙིགས་ཟོམ་དུ་གཡུག་ཞོག 

སད་མི།
དྲ་ངོས་སུ་རྒྱ་ཁོག་གམ་ཧོ་ཀོ་ཟེར་རྒྱུ་འདིའི་མགོ་ཁུངས་འཚོལ་སྐབས་མི་ལོ་ཆིག་སྟོང་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཟེར། དེ་ཡོད་ན་མེད་ན། གང་ལྟར་ཟས་སྣོད་ཕོར་པའི་ཚོད་དུ་བྱས་ཏེ་ཁྱིམ་མི་དང་གཉེན་ཉེ་གང་བོ་མཐའ་ནས་འཚང་། བྱ་རྒོད་ལྟོགས་པ་ཐེད་རོ་ལ་རུབ་སྟེ་འཐེན་རེས་སྤྲུག་རེས་བྱེད་པ་ལྟར། རྒྱ་ཐུར་ཧབ་ཐོབ་རང་བྱས་ནས་ཁོག་མའི་ནང་དུ་གཡུག་ཅི་ཐུབ་བྱེད་པའི་རིག་གནས་འདི་ནི་སྡུག་རྟགས་ཤིག་མིན་ན་མུག་རྟགས་ཤིག་ལོས་ཡིན།
ང་ཚོ་བོད་པ་ལ་མཚོན་ན། ཟས་སྣོད་དང་ཁ་ཕོར་མཉམ་གཅིག་ཏུ་སྤྱོད་པའི་སྲོལ་ཀ་ལར་ནས་མེད། དེའང་བཤད་ན། བོད་པ་ཚོ་ནི་སངས་རྒྱས་ཆོས་ལུགས་ལ་ཧ་ཅང་དད་ཞེན་ཆེ་བས་ཟས་ཕུད་མཆོད་པ་བྱེད་པའི་ལུགས་སྲོལ་སྤྱི་ཁྱབ་ཏུ་ཡོད་པ་ཡིན། གཉིས་པའི་ཆ་ནས། ཆེས་བཀུར་ཡུལ་དུ་གྱུར་པའི་བླ་གྲྭ་རྣམ་པར་དུས་རྟག་ཏུ་འབྲེལ་འདྲིས་ཡོད་སྟབས་སྐྱེ་བོ་ཁྱིམ་པ་མི་ནག་སུས་ཀྱང་ཟས་སྣོད་ལ་ཁ་ཕོར་གཏུག་མི་སྲིད་པ་མ་ཟད། ཐ་ན་ལྕོགས་མགོ་ཡན་ཕོར་ཁ་ལ་རྩ་བ་ནས་གཏུགས་གི་མ་རེད།
ང་ཚོས་ཟ་མ་བཟའ་སྟངས་འདི་ཁོ་ནའི་སྒང་ནས་བསམ་བློ་ཞིག་བཏང་ན། བོད་རྩམ་གཟན་དང་རྒྱ་འབུ་གཟན་གྱི་འཚོ་བའི་རྒྱུན་འགྲོས། རིན་ཐང་ལྟ་བ། ནང་བསམ་པའི་འདུ་ཤེས་འཛིན་སྟངས་བཅས་ནི་ཤར་ནུབ་ལྡོག་སྟེ་ཡོད་པ་མངོན་ཡོང་།
མ་གཞི་དེ་འདྲ་རེད་མོད། ད་ཆ། སྒེར་སོ་སོའི་ཁ་ཕོར་རྐྱང་རྐྱང་ལས་བསམ་རྒྱུ་དྲན་རྒྱུ་མེད་པའི་བོད་པ་མགོ་ཡང་ཅི་འདྲའི་མང་པོ་ཞིག་གིས་ནང་མི་དང་གཉེན་ཉེ་རེ་འཛོམ་དུས། གྲོགས་པོ་གྲོགས་མོ་རེ་འཛོམས་སྐབས། རྒྱ་ཁོག་ཟེར་རྒྱུ་འདི་ཟ་མ་དྲག་ག་ཞིག་གི་རྣམ་པ་སྟོན་ཅི་ཐུབ་བྱེད་པར་མགོ་བརྩམས་ཡོད་པ་འདྲ། དེ་ལྟ་ན། རྡ་རམ་ས་ལས་ཆེན་པོ་བོད་ཀྱི་རྒྱལ་ཁམས་འདི་ཉིད་རྒྱ་ནག་པོའི་དབང་འོག་ཏུ་འདུག་འདོོད་ཡོད་ཟེར་བ་ཙམ་མིན་པར། བོད་སྤྱི་འབངས་རང་ངོས་ནས་ཀྱང་ག་ལེ་ག་ལེར་འཚོ་བའི་རིག་གནས་བཅས་པ་རྦད་དེ་རྒྱ་མི་རྒྱ་རྐྱང་ཞིག་ཏུ་བསྒྱུར་རྒྱུའི་བསམ་འདུན་རྙེད་པ་ཨེ་ཡིན།

ཕར་ཕྱོགས་ནས་རྒྱ་རྒན་ཚོས་བོད་འདི་ཉིད་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་རབས་འདྲ་མི་འདྲ་བཅོ་བརྒྱད་སྤྲུལ། ཟ་ཟུར་ཐམས་ཅད་ནས་གཞི་གཅིག་ཏུ་བསྲེ་ཐབས་ཅི་ནུས་གང་འཇོན་བྱེད། ཚུར་ཕྱོགས་ན་རྒྱ་འོག་ཏུ་བསྒུར་མ་ཐུབ་པར་མི་ཡུལ་དུ་སྤྲང་འཁྱམ་ལ་ཐོན་ཚར་བའི་ང་ཚོས། རང་ཉིད་ཀྱི་དགྲ་བོའི་ཚབ་མཚོན་ཟས་རིགས་འདི་བཙན་ཚུགས་ཀྱིས་སོ་སོར་ཨེ་འཕྲོད་མི་འཕྲོད་ལྟ་བཞིན་ཡོད།
སྣང་ཚུལ་འདིས་ལྷང་ངེར་དྲན་དུ་བཅུག་པ་ནི། ཨ་རིར་གནས་སྡོད<<ཨ་རྒྱ་མི་དམངས་མཛའ་མཐུན་ཚོགས་པ་འཛུགས་མཁན>>ཡང་ཧེ་ཕིང་གིས་ལོ་ཤས་གོང་བཤད་པའི་སྐད་ཆ་སྟེ། བོད་ཀྱི་ས་གནས་མི་དམངས་ཚོའི་ཆོས་དད་རང་མོས་ལ་བརྩི་བཀུར་བྱེད་པ་དང་སྦྲགས་ཏེ། རྒྱ་མི་ཅན་དུ་བསྒྱུར་བའི་སློབ་གསོ་སྤུས་དག་བྱེད་པ། རིག་གནས་མཉམ་བསྲེ་བྱས་པས་ད་གཟོད་ནང་དོན་ངོ་མའི་སྒང་ནས་གཅིག་གྱུར་བཟོ་ཐུབ་པ་ཡིན་དུས། འཛིན་སྐྱོང་ཁོ་ནའི་སྒང་གི་གཅིག་གྱུར་ཡིན་མི་འོས་ཟེར་བ་ལྟར། ད་ནི་ང་ཚོ་བོད་འབངས་རང་ཉིད་ནས་ཀྱང་ཤུགས་ཕུད་དེ་བོད་མི་རྒྱ་མི་རུ་བསྒྱུར་བར་གཡས་གཞོགས་གཡོན་འདེགས་བྱེད་པ་ཨེ་ཡིན།
གལ་ཏེ་ཁྱོད་རང་སྒལ་རུས་ཡོད་པའི་བོད་པ་ཞིག བཟང་ངན་ཤེས་པའི་མི་ཞིག་ཡིན་རྒྱུ་ན། རང་ཉིད་ཀྱི་ཕ་ས་སྨུག་པོ་བཙན་འཕྲོག་བྱེད་མཁན་རྒྱ་རྒན་དག་གི་ངན་གོམས་ལ་སེམས་ཆགས་ཡིད་ལུས་ཤིག་གཏན་ནས་ཡོང་དོན་མེད། ག་དུས་ཡིན་ན། གོ་མེད་ཚོར་མེད་ངང་རྒྱ་ནག་རིག་གནས་དང་མཉམ་བསྲེ་བྱེད་པའི་ལས་ཀར་འཇུག་པ་མ་རབས་ཐ་ཤལ་ཡིན། ལས་ཀ་འདི་རིགས་ནི་ཆུ་མོ་བྱེ་ཐིམས་སུ་འགྱུར་རྒྱུའི་ཐན་ལྟས་ཁོ་ན་ཡིན་པ་ཁྱོས་ཤེས་དགོས་ཚོད་ཡིན།

ད་ནས་བཟུང་། ཁྱོས་རང་ཉིད་གཅུན་རོགས། ཅིས་ཀྱང་ཤ་ཡོད་ཁྲག་ཡོད་ཅིག་བྱེད་རོགས། ནམ་ནམ་ཞར་ཞར་དུ་སྡོང་སྐམ་ཆུས་ཁྱེར་བ་ལྟར་མིན་པར་རང་ཚུགས་ཡོད་པ་བྱ་དགོས། དོན་དུ་བོད་རུས་ཡོད་པའི་འགྲོ་མི་ཞིག་བྱེད་རོགས་ཟེར་བ་ཡིན། གང་ལྟར། བོད་འདི་དུས་སར་འགྲོ་མི་འདོད་ན། ངེས་པར་དུ་ལྗིའུ་མི་རིགས་དང་རྒྱ་གར་བའི་རུས་ངར་དང་རྐང་རྗེས་བརྙེད་དགོས།

2017/09/09 ཉིའུ་ཡོག

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 258

Leave a Reply