རྒྱ་གཞུང་གི་གཉིད་མ་ཁུག་པའི་རྨི་ལམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༦༤༠       ཕྱི་ལོ་ ༢༠༡༦/༣ /༢༩  

ཉེ་ཆར་ཕྱི་ཟླ་༣ ཚེས་༢༦ ཉིན་རྒྱ་ནག་གི་གསར་ལམ་ཁག་ཅིག་ཏུ་“ཁ་བྲལ་བ་ཚོ་བསྐྱར་དུ་འཐོར་ཞིག ཏཱ་ལའི་རུ་ཚོགས་ཀྱི་ནང་འཛིང་ཡོངས་གྲགས་ཆགས་པ་”ཟེར་བ་ཞིག་སྤེལ་འདུག གནད་དོན་དེ་ཉེ་ཆར་ཆབ་སྲིད་བཙོན་ཟུར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་༡༡༣ ཞེས་པའི་རྩོམ་ཡིག་གི་ཁ་བྱང་དང་འབྲེལ་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལབ་གླེང་མང་པོ་བྱུང་ཞིང་། སུ་ཡིན་མངོན་གསལ་མེད་པ་ཞིག་གིས་ཀླུ་མཁར་བྱམས་ཀྱི་རླངས་འཁོར་གྱི་ཤེལ་སྒོ་བཅགས་པ་སོགས་ལ་བསྙད་བཏགས་ནས་སྤེལ་བ་ཞིག་རེད། སྤྱིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ལ་ཟུར་ཟ་བའི་རྣམ་པ་ཡོད་པའི་བརྗོད་ཚིག་ཅིག་རྒྱ་ནག་གི་སྤྱི་ཚོགས་ནང་ཐོན་ན། ཡིན་མིན་དང་གསལ་བཤད་བྱེད་ས་མེད་པར་རྒྱ་དམར་དྲག་གཞུང་གིས་བཙོན་འཇུག་བྱེད་ངེས་པ་མ་ཟད། སྲོག་ཐོག་ཏུ་གཏོང་མི་སྲིད་པའང་གཏན་ནས་མ་རེད། བཙན་བྱོལ་བོད་མི་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རང་དབང་མང་གཙོ་གསོལ་རས་སུ་བསྩལ་ཡོད་པས། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་ཆོག་པ་དང་ཡོང་དགོས་པ་ཞིག་ཀྱང་རེད།

དེ་བཞིན་གནས་ཡུལ་རྒྱ་གར་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞི་ཡང་འཛམ་གླིང་ཤར་ནུབ་ཀུན་ནས་རང་དབང་ཅན་གྱི་མང་གཙོའི་ཁོར་ཡུག་གཞི་རྒྱ་ཆེ་ཤོས་དེ་ཡིན་པའི་ཆ་ནས། བཙན་བྱོལ་བོད་མི་རྣམས་ལ་རང་དབང་གི་ཁོར་ཡུག་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི་སྨྲོས་མ་དགོས་པ་རེད། འོན་ཀྱང་རྒྱ་དམར་གཞུང་གི་དཔོན་རིགས་ཚོའི་སེམས་ནང་དུ་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་མཁྲེགས་འཛིན་བྱེད་བཞིན་ཡོད་སྟབས། བསམ་ཚུལ་མི་མཐུན་པ་ཡོང་མི་ཆོག་པ་དང་། དེ་དང་འབྲེལ་བའི་རྩོད་གླེང་རིགས་བྱུང་ཚེ་དེ་བས་ཀྱང་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་གྱིས་འབྲེལ་ཡོད་མི་སྣ་སུ་དང་སུ་ཡིན་ཚང་མ་དམར་གསོད་དང་བཙོན་འཇུག་བྱེད་བཞིན་ཡོད། ད་ལན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བྱུང་བའི་གླེང་ཕྱོགས་ཆུང་ཙག་འདི་ལྟ་བུའང་ཕྱོགས་གཅིག་ནས་ཉེན་ཁ་ཞིག་ཏུ་མཐོང་སྲིད་པ་དང་། ཕྱོགས་གཅིག་ནས་ད་ལན་བྱུང་བའི་གནས་ཚུལ་ཆུང་ཙག་ཙམ་ལ་གཞི་བཅོལ་ནས་མི་བདེན་རྫུན་སྒྲིག་གིས་བོད་ནང་གི་བོད་མི་དག བོད་མིའི་སྒྲིག་འཛུགས་དང་བོད་དོན་ཆེད་སེམས་ཤུགས་གཅོག་ཆེད་དུ་དམིགས་པ་རེད།

འོན་ཀྱང་གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་མི་རིགས་ཀྱི་བདེན་དོན་ཆེད་རང་སྲོག་བློས་བཏང་ནས་འཐབ་རྩོད་བྱེད་བཞིན་ཡོད་ལ། དཔེར་ན་ཕྱི་ལོ་༢༠༠༩ ནས་ཉེ་ཆར་ཕྱི་ཟླ་༣ ཚེས་༡༨ ཉིན་ཁམས་ཉག་རོང་ནས་ཡིན་པ་པདྨ་རྒྱལ་མཚན་གྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་པའི་བར། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་ཁོ་ན་དཔང་རྟགས་ར་སྤྲོད་གསལ་པོ་བྱུང་བ་མི་གྲངས་༡༤༦ བྱུང་ཡོད་པ་འདི་ཁོ་ནས་ཀྱང་བོད་དུ་བཞུགས་མཁན་བོད་མི་རྣམས་ཀྱི་ངོས་ནས་རྒྱ་གཞུང་ལ་སེམས་གཏིང་ནས་འཁོན་འཛིན་ཡོད་པ་གསལ་པོ་མཚོན་ཡོད་ལ། ད་བར་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་བོད་ས་སྟོད་སྨད་བར་གསུམ་ནས་རྒྱ་གཞུང་ལ་ངོ་རྒོལ་རབས་དང་རིམ་པ་བར་མ་ཆད་དུ་བྱུང་ཡོད་པ་འདིའི་ཐོག་ནས་ཀྱང་རྒྱ་གཞུང་གི་འོག་ཏུ་བོད་ལ་བདེ་སྐྱིད་དང་རང་དབང་གང་ཡང་མེད་པ་མཚོན་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་བཙན་བྱོལ་བོད་མི་རྣམས་ཁ་འཐོར་དགུ་འཐོར་དུ་འགྱུར་རྒྱུའི་གཉིད་མ་ཁུག་པའི་ཉིན་མོའི་རྨི་ལམ་དེ་དུས་ནམ་ཡང་མངོན་འགྱུར་ཡོང་མི་སྲིད་པ་རེད།

རྒྱ་དམར་དྲག་པོའི་གཞུང་གིས་མི་བདེན་རྫུན་སྒྲིག་གི་གནས་ཚུལ་ག་རེ་སྤེལ་ཡང་། དེའི་རྒྱབ་ཏུ་ངན་གཡོ་ལྐོག་བྱུས་ཆེན་པོ་ཞིག་ཡོད་པ་བོད་ནང་དུ་བཞུགས་པའི་བོད་མི་སུས་ཀྱང་ཤེས་ཐུབ་ལ། ད་ལན་གྱི་གནས་ཚུལ་འདི་ལ་བརྟེན་ནས་བོད་ནང་གི་བོད་མི་དག་ལ་བོད་དོན་འཐབ་རྩོད་ཆེད་སེམས་ཤུགས་འཕར་མ་ཞིག་ཀྱང་སྐྱེས་ཡོད་སྲིད་པ་རེད། བོད་ནང་དུ་བཞུགས་པའི་བོད་མི་ཕལ་མོ་ཆེས་རྒྱ་གཞུང་གི་མགོ་སྐོར་བསླུ་བྲིད་ཀྱི་སྲིད་བྱུས་དང་དེའི་རྒྱབ་ལྗོངས་གསལ་པོ་ཤེས་པ་མ་ཟད། དེ་ལ་མགོ་འཁོར་མཁན་གྱི་མི་སྣ་ཡང་ཉུང་ཤས་ལས་མེད་པ་རྒྱ་དམར་དྲག་པོའི་གཞུང་གིས་གསལ་པོ་ཤེས་ཀྱང་། ཐབས་ཤེས་དང་རེ་བ་དེ་ལྟ་བུ་ཞིག་མུ་མཐུད་བྱེད་བཞིན་པ་ནི། རྒྱ་དམར་དྲག་གཞུང་གི་ངོས་ནས་བོད་དེ་རྒྱ་གཞུང་དང་ཁ་བྲལ་དུ་འགྲོ་རྒྱུར་དོགས་པ་ཆེན་པོ་ཡོད་པས་དེ་ལྟར་བརྗོད་དགོས་ཐུག་པ་ཞིག་ཏུ་གྱུར་ཡོད། གལ་སྲིད་བོད་དེ་རྒྱ་གཞུང་དང་ཁ་འབྲལ་རྒྱུའི་དོགས་པ་དང་སེམས་ཁྲལ་གང་ཡང་མེད་ན་རྒྱ་གཞུང་གིས་དེ་ལྟ་བུའི་སྐྱག་རྫུན་དང་ལོག་པའི་དྲིལ་བསྒྲགས་བྱེད་དགོས་དོན་གང་ཡང་མེད་པ་གསལ་པོ་རེད།

མདོར་ན་རྒྱ་དམར་དྲག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བཙན་བྱོལ་བོད་མི་རྣམས་ལ་ཁ་རྡུང་གཏོང་བ་དང་། གནས་ཚུལ་འཁྱོག་བཤད་ཇི་ལྟར་བྱེད་བཞིན་ཡོད་པ་དེའི་ཚོད་ཀྱིས་བོད་དོན་དེ་རྒྱ་གཞུང་གི་ཁུར་པོ་རུ་འགྱུར་བཞིན་ཡོད་པ་མཚོན་ཐུབ་ལ། ནམ་ཞིག་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་མི་མང་དང་བཅས་པར་དོ་སྣང་གཏན་ནས་མེད་པ་ཞིག་ཏུ་གྱུར་པའི་སྐབས་སུ་བཙན་བྱོལ་བོད་པའི་ནུས་ཤུགས་ཡོངས་རྫོགས་ཉམས་དམས་སུ་གྱུར་པའི་རྟགས་ཡིན་པ་དང་། བཙན་བྱོལ་བོད་མིའི་གཞུང་འབངས་གཉིས་ཀ་དུས་རྒྱུན་རྒྱ་གཞུང་གི་མིག་ནང་དུ་གཟན་པ་ཞིག་བྱུང་ན་བོད་དོན་གསོན་པོར་གནས་པ་མཚོན་ཡོད། དེར་བརྟེན་རྒྱ་གཞུང་གི་གནོན་ཤུགས་དང་འཁྱོག་བཤད་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར་རང་དབང་ལུང་པར་མང་གཙོའི་ཁོར་ཡུག་ཏུ་གནས་སྡོད་བྱེད་མཁན་ཚོར་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད་དགོས་ལ། བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་རྩ་དོན་ལ་ཐུག་དུས་རྡོག་གཅིག་ཏུ་སྒྲིལ་ཐུབ་དགོས་པ་ནི་དེ་བས་ཀྱང་གལ་ཆེ་ཤོས་སུ་གྱུར་ཡོད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 56

Leave a Reply