ཞི་བདེའི་ཆེད་རྒྱ་གར་དུ་སྡོད་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༤༡    ཕྱི་ལོ་ ༢༠༡༧/༤  /༥

ཉེ་ཆར་རྒྱ་གར་གྱི་བརྒྱུད་ལམ་ཞིག་ཏུ་“བོད་མི་རྣམས་ཞི་བདེའི་ཆེད་དུ་ཕྱིར་ལོག་རྒྱུགས་”ཞེས་པའི་རྩོམ་ཡིག་ཅིག་ཐོན་ཡོད་པ་དང་། གནད་དོན་དེ་ལ་མི་མང་པོ་ཞིག་གིས་དོ་སྣང་བྱེད་རིན་མེད་པ་དང་། རེ་ཟུང་གིས་སྤྱི་ཡོངས་ཀྱི་གནས་ཚུལ་མ་རྟོགས་པ་ཡིན་ཚུལ་སོགས་བསམ་ཚུལ་མང་པོ་ཡོང་གི་ཡོད་པ་རེད། དོན་དངོས་སུ་གནད་དོན་དེ་ཉིད་བྱང་ཤར་ཁུལ་གྱི་བརྒྱུད་ལམ་ཆེ་ཤོས་སུ་ད་ལན་༧གོང་ས་མཆོག་ས་ཁུལ་དེར་ཆིབས་བསྒྱུར་སྐབས་བཀོད་པ་དེ་གནས་ཚུལ་མ་རྟོགས་པ་ཙམ་མིན་པ་དང་། དེ་ལ་རྒྱབ་མདུན་གྱི་གནས་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ངེས་རེད། དོན་དུ་བཙན་བྱོལ་བོད་མི་རྣམས་བོད་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ལོག་འགྲོ་བའི་དབང་དུ་བཏང་ནའང་། དེ་ལ་བརྟེན་ནས་རྒྱ་གར་ལ་ཞི་བདེ་ལྷིང་འཇགས་ཤིག་ཡོང་མི་སྲིད་པ་དང་། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཟེར་བ་དེ་ཡང་མུ་མཐུད་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཡོང་ངེས་ཤིང་། ༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་ཟིན་པའི་རྗེས་སུ་བོད་མི་རྣམས་ལ་བོད་རྒྱ་མཉམ་གནས་དང་འཆམ་མཐུན་ཞི་བདེ་དགོས་པའི་བཀའ་སློབ་ཡང་ཡང་གནང་ངེས་རེད།

དེར་བརྟེན་བོད་མི་སྤྱི་ཡོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་གུས་བརྩི་དང་ལེན་མི་ཞུ་མཁན་ཕལ་ཆེར་མེད་ངེས་ཀྱང་། རྒྱ་དམར་གཞུང་གིས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་མི་ཉན་པ་ནི་སྨྲོས་མེད་ཡིན་སྟབས། གོང་དུ་བརྗོད་པ་བཞིན་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་དེ་མུ་མཐུད་དུ་གནས་ངེས་རེད། ༧གོང་ས་མཆོག་སྐུ་མ་བཞུགས་པའི་སྐབས་སུ་རྒྱ་གར་ནས་བོད་ལ་ལོག་མཁན་གྱི་བོད་མི་གང་འཚམས་ཤིག་རྒྱ་དམར་གཞུང་གི་བེད་སྤྱོད་འོག་འགྲོ་སྲིད་པའི་དབང་དུ་བཏང་ན། མི་དེ་དག་ལ་རྒྱ་གར་གྱི་གནས་སྟངས་སྤྱི་ཡོངས་ནས་རྒྱུས་མངའ་ཆེན་པོ་ཡོད་པས་རྒྱ་གར་ལ་དམིགས་བསལ་གྱི་དཀའ་ངལ་ཡང་འཕྲད་མི་སྲིད་པ་མ་རེད། འདི་དག་ནི་བརྟག་པ་མཐའ་བཟུང་གིས་བཤད་པ་ཙམ་ལས། གནས་སྟངས་མང་པོ་ཞིག་ཕལ་ཆེར་ཡོང་མི་སྲིད་པ་ལྟ་བུར་གྱུར་ཡོད། དཔེར་ན་ད་ལྟའི་ཆར་རྒྱ་དམར་དྲག་པོའི་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚེ་ལ་ཚད་འཛིན་བྱེད་བཞིན་ཡོད་པས། ༧གོང་ས་མཆོག་གིས་དབུས་བོད་མི་རྣམས་བོད་ལ་ཕྱིར་ལོག་རྒྱུའི་གོ་སྐབས་ཤིག་སྤྲོད་འཆར་མེད་པ་གསལ་པོ་རེད།

གོང་གི་རྩོམ་ཡིག་འབྲི་མཁན་དང་བརྒྱུད་ལམ་དེའི་རྩོམ་སྒྲིག་པའི་ངོས་ནས་གནས་ཚུལ་དེ་དག་མི་ཤེས་པ་ཡོང་མི་སྲིད་ལ། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་གནས་བཅས་པས་རྒྱ་གར་གཞུང་དམངས་གཉིས་ལ་དམིགས་བསལ་གྱིས་ཞི་བདེ་མེད་པ་དང་རྩོད་རྙོག་གི་རྒྱུ་རུ་གྱུར་མེད་པ་འདི་ཡང་རྟོགས་མི་ཐུབ་པ་ཞིག་མ་རེད། འོན་ཀྱང་གནད་དོན་འདིའི་རྒྱབ་ལྗོངས་སུ་བོད་པ་ཚོས་གོ་བ་ངེས་པར་དུ་ལེན་དགོས་པ་གཅིག་ནི། བོད་པས་འཚེ་མེད་ཞི་བ་འབའ་ཞིག་ཤོད་བཞིན་ཡོད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་སྡོད་རྒྱུའི་འཆར་གཞི་ཡོད་ན། བོད་རྒྱའི་དབར་འགལ་བ་ཆེན་པོ་གང་ཡང་མི་འདུག་པས། ཕྱིར་བོད་ལ་ལོག་རྒྱུགས་ཞེས་མི་འདོད་པའི་ཚུལ་གྱིས་བརྗོད་པ་ཞིག་ཡིན་སྲིད་ལ། དཔེར་ན་“རྒྱ་གར་ནང་དུ་ལོ་ངོ་༦༠ ལྷག་བསྡད་རྗེས། རྒྱ་གར་མི་སེར་བྱེད་འདོད་མེད་པར་སྐྱབས་བཅོལ་བ་བྱས་ནས་སྡོད་མཁན་ཚོར་འགྲོ་སོང་ག་རེ་བྱས་ནས་གཏོང་གི་ཡོད་རེད།”ཅེས་བརྗོད་པ་འདི་ལ་བལྟས་ཀྱང་གོང་དུ་བརྗོད་པའི་གནས་ཚུལ་དེ་ཡིན་པ་གསལ་པོ་རེད་འདུག་སྙམ།

དེ་བཞིན་རྩོམ་ཡིག་དེའི་ནང་“རྒྱལ་ས་ལྡི་ལིའི་བོད་མིའི་གཞིས་སྒར་མན་ཇུ་ཀྲི་ལ་དེ་བོད་མིར་སྤྲད་པ་ལས། རྒྱ་གར་གྱི་ཡུལ་མི་ཡིན་མཁན་བྱང་ཤར་མི་རིགས་ཚོ་ལ་སྤྲད་ན་འགྲིག་གི་འདུག”ཅེས་བརྗོད་པ་དེ། སྒྲ་ཇི་བཞིན་པར་ཁས་ལེན་དགོས་ན་བྱིས་པའི་བབ་བཅོལ་ལྟ་བུ་ལས་གང་ཡང་མེད་ལ། ལྡི་ལི་བོད་སྒར་མན་ཇུ་ཀྲི་ལ་ནི་བོད་མི་སྒེར་པ་དག་རང་ཉིད་ཀྱི་འབད་བརྩོན་ཁོ་ན་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པ་ལས། དེ་རྒྱ་གར་གཞུང་དང་། བཙན་བྱོལ་བོད་གཞུང་གིས་དམིགས་བསལ་གསར་རྒྱག་བྱས་ནས་མི་མང་ལ་སྤྲད་བཞག་པ་ཞིག་མིན། དེར་བརྟེན་འདི་ལྟ་བུ་ཡང་མི་ཤེས་མཁན་ཞིག་ཡིན་རྒྱུ་མ་རེད་ལ། གནས་ཚུལ་འདི་དག་གི་ཐོག་ནས་གོ་བ་ལེན་དགོས་པ་ནི་བཙན་བྱོལ་བོད་མི་རྣམས་རྒྱ་དམར་གཞུང་གི་འོག་ཏུ་སྡོད་རྒྱུ་ཡིན་པ་དང་། རྒྱ་གར་དུ་མི་ལོ་༦༠ ལ་ཉེ་ཡང་རྒྱ་གར་གྱི་ཡུལ་མི་བཟོ་མཁན་ཡང་ཉུང་བ་ནི། བཙན་བྱོལ་བོད་མི་ཚོ་རྒྱ་གར་ལས་རྒྱ་ནག་ལ་སེམས་ཐག་ཉེ་བ་ཡོད་པ་ལྟ་བུའི་ཟུར་ཟའམ། བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱི་ལངས་ཕྱོགས་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྲིད།

མདོར་ན་རྒྱལ་ཁབ་གང་དང་གང་ཡིན་ཡང་གཙོ་ཆེ་ཤོས་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་འཛིན་གྱི་ཡོད་པ་དང་འཛིན་དགོས་པ་དེ་ཡང་གལ་ཆེན་པོ་ཡིན། ད་ལྟའི་ཆར་རྒྱ་གར་གཞུང་གི་དཔོན་རིགས་ཁག་ཅིག་གི་བཀའ་མོལ་གྱི་བབས་དང་། བྱེད་སྟངས་གང་ལ་བལྟས་ཀྱང་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་རྣམས་ཀྱི་ངོས་ནས་རྒྱ་གཞུང་ལ་འཛིན་པའི་སྲིད་བྱུས་དང་བྱེད་སྟངས་གང་ཐད་ནས་རྣོ་ངར་གང་ཡང་མེད་པ་ཞིག་ཏུ་མཐོང་གི་ཡོད་པའི་རྣམ་འགྱུར་གསལ་པོ་འདུག རྒྱ་དཀར་ནག་གི་འགལ་ཟླ་ཆེ་རུ་འགྲོ་བའི་སྐབས་སུ་བོད་དང་བོད་དོན་རྒྱ་གར་གྱི་ཁེ་ཕན་ཆེད་བེད་སྤྱོད་གཏོང་སྲིད་པ་ཞིག་ཡིན་ལ། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ངོས་ནས་ཀྱང་གོ་སྐབས་དེ་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེད་བེད་སྤྱོད་གཏོང་ཐུབ་པ་ཞིག་ངེས་པར་དུ་དགོས་སྙམ་ཞིང་། བཙན་བྱོལ་བོད་མི་རྣམས་ཆ་རྐྱེན་གང་ཡང་མེད་པར་བོད་ལ་ལོག་ནས་སུ་གང་ལ་ཞི་བདེ་ཡོང་མི་སྲིད་ནའང་། མུ་མཐུད་རྒྱ་གར་དུ་བསྡད་ན་རྒྱ་དཀར་ནག་དང་བོད་པ་ཚང་མའི་ངོས་ནས་ཞི་བདེ་ཡོང་བའི་ཆ་རྐྱེན་ཞིག་ཏུ་འགྱུར་སྲིད་པ་རེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 82

Leave a Reply