རྒྱ་གཞུང་གི་གནོན་ཤུགས་འོག་རྩོམ་ཡིག་༣༠༠ལྷག་བསུབ་པ་རྣམས་ཡང་བསྐྱར་དྲ་ཐོག་ཏུ་སྤེལ་ཡོད་འདུག

རྒྱ་ནག་གཞུང་གི་གནོན་ཤུགས་འོག ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་ནས་བཏོན་པའི་བོད་དང་། གནམ་སྡེ་སྒོ་མོའི་དོན་རྐྱེན་སོགས་རྒྱ་ནག་དམར་ཤོག་གཞུང་ལ་ཕོག་ཐུག་བཟོ་མཁན་གྱི་རྩོམ་ཡིག་རྣམས་རྒྱ་ནག་ནང་གི་དྲ་རྒྱ་ནས་ཉིན་ཤས་གོང་བསུབ་པར་ངོ་རྒོལ་བྱུང་སྟབས། རྩོམ་ཡིག་དེ་དག་དྲ་ཐོག་ཏུ་ཡང་བསྐྱར་སྤེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་ནས་བཏོན་པའི་བོད་དང་། གནམ་བདེ་སྒོ་མོའི་དོན་རྐྱེན། ཤིན་ཅང་།  ཧོང་ཀོང་། རིག་གནས་གསར་བརྗེ་བཅས་ཀྱི་གནད་དོན་དང་འབྲེལ་བའི་རྩོམ་ཡིག་༣༠༠ ལྷག་མེད་པ་བཟོ་དགོས་པའི་རྒྱ་ནག་གི་བཀའ་བཞིནཟླ་འདིའི་ཕྱི་ཚེས་༡༨ ཉིན་རྒྱ་ནག་ཟླ་གསུམ་དུས་དེབ་(The China Quarterly) ཀྱི་དྲ་ཚིགས་ནས་བསུབ་དགོས་ཁེལ་ཡོད་པ་རྣམས། ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་དགོང་མོར་བསྐྱར་དུ་རྒྱ་ནག་ནང་གི་དྲ་ཐོག་ཏུ་སྤེལ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

དེ་ཡང་རྒྱ་ནག་ཟླ་གསུམ་དུས་དེབ་( The China Quarterly)ཀྱི་རྩོམ་སྒྲིག་པ་ཊིམ་པཱི་རིན་གྷེལ་གྱིས་ “ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་གི་ལས་བྱེད་ཚོའི་བར་ཚོགས་འདུ་ཞིག་འཚོགས་རྗེས། ཁོང་ཚོའི་རྒྱ་ནག་ནང་གི་དྲ་རྒྱ་ནས་བསུབ་ཟིན་པའི་རྩོམ་ཡིག་རྣམས་འཕྲལ་མར་བསྐྱར་དུ་འགྲེམས་སྤེལ་བྱེད་དགོས་པའི་བརྡ་ལན་བཏང་བྱུང་”ཞེས་དང་། རྒྱལ་སྤྱིའི་ཤེས་ཡོན་གྱི་སྡེ་ཁག་དང་དེ་དག་གི་རྒྱབ་ལྗོངས་སུ་གནས་མཁན་རྣམས་ཀྱིས་རྒྱུ་མཚན་ལྡན་པའི་རྣམ་འགྱུར་བསྟན་རྗེས་བསྐྱར་དུ་འགྲེམས་སྤེལ་བྱ་རྒྱུ་བྱུང་བ་ཡིན་སྐོར། དེ་བཞིན་བསྐྱར་དུ་འགྲེམས་སྤེལ་བྱས་པ་རྣམས་རིན་མེད་ཐོག་ནས་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད་སྐོར་བཅས་བརྗོད་ཡོད་འདུག

དེ་སྔོན་ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་གིས་གོང་གསལ་གནད་དོན་ཁག་དང་འབྲེལ་བའི་རྩོམ་ཡིག་རྣམས། རྒྱ་ནག་ནང་གི་དྲ་རྒྱ་ནས་བསུབ་པ་ནི། དཔེ་སྐྲུན་ཁང་དེས་འགྲེམས་སྤེལ་བྱས་པའི་རྩོམ་ཡིག་གཞན་རྣམས་རྒྱ་ནང་གནས་ཐུབ་ཕྱིར་ཡིན་པ་ལས། ཁོ་རང་ཚོའི་དཔེ་སྐྲུན་ལམ་ལུགས་ཀྱི་རང་བཞིན་རྒྱ་ནག་གི་འདོད་པ་དང་བསྟུན་ཆེད་དུ་བསྒྱུར་བཅོས་གཏོང་རྒྱུ་མིན་སྐོར་བརྗོད་ཡོད་འདུག

བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ། རྒྱ་ནག་ནས་མི་༥༠༠ མ་ཟིན་ཙམ་གྱིས་མིང་རྟགས་བཀོད་པའི་སྙན་ཞུ་ཞིག་གི་ནང་། བསུབ་ཟིན་པའི་རྩོམ་ཡིག་རྣམས་བསྐྱར་དུ་འགྲེམས་སྤེལ་མ་བྱས་ཚེ་ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་གི་ཐོན་རྫས་ཉོ་ཚོང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་སོགས་འཁོད་ཡོད་འདུག

༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་བརྒྱུད་ལམ་ཅི་འདྲ་ཞིག་ཡིན་རུང་། ངེས་པར་དུ་རྒྱ་ནག་དམར་ཤོག་གཞུང་གི་ལམ་སྟོན་འོག་ཡོང་དགོས་པའི་བརྡ་ཁྱབ་ཅིག་སྤེལ་ཡོད་ཁར།

དེ་སྔོན་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཅེས་པའི་ཐོག ནུབ་ཕྱོགས་ཀྱི་ཚོགས་སྡེ་ཁག་རྒྱ་ནག་གིས་བཀག་སྡོམ་ཞིབ་བཤེར་འོག་ཏུ་ལས་ཀ་བྱེད་རྒྱུ་མིན་ཚེ་རྒྱ་ནག་ནས་ངེས་པར་དུ་ཐོན་དགོས་སྐོར་འཁོད་ཡོད་འདུག་པ་མ་ཟད། རྒྱ་ནག་ནང་གི་ཤེས་ཡོན་པ་ཁག་ཅིག་ནས་སྲིད་འཛིན་ཞི་ཅི་ཕིང་དམར་ཤོག་གཞུང་གི་འགོ་ཁྲིད་དུ་སླེབས་ནས་བཟུང་། བསམ་བློའི་རང་དབང་ཐོག་དམ་དྲག་ཆེ་རུ་སོང་ཡོད་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 113

Leave a Reply