རྒྱ་གཞུང་གི་གནོན་ཤུགས་འོག་རྩོམ་ཡིག་༣༠༠ ལྷག་དང་འཕྲུལ་དེབ་༡༠༠༠ ལྷག་བསུབ་པ།

རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་གི་རྩོམ་ཡིག་༣༠༠ ལྷག་དང་འཕྲུལ་དེབ་༡༠༠༠ ལྷག་རྒྱ་ནག་ནང་གི་དྲ་ཚིགས་ནས་བསུབ་དགོས་ཁེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༨ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན།  འཛམ་གླིང་གི་དཔེ་སྐྲུན་ཁང་རྙིང་ཤོས་དང་སྙན་གྲགས་ཆེ་ཤོས་ཀྱི་གྲས་སུ་ཚུད་པའི་ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་ནས་བཏོན་པའི་རྒྱ་ནག་ཟླ་གསུམ་དུས་དེབ་(The China Quarterly) ཀྱི་དྲ་ཚིགས་ནས། ཕྱི་ལོ་༡༩༨༩ ལོར་བྱུང་བའི་གནམ་བདེ་སྒོ་མོའི་དོན་རྐྱེན་དང་། བོད། ཤིན་ཅང་།  ཧོང་ཀོང་། རིག་གནས་གསར་བརྗེ་བཅས་ཀྱི་གནད་དོན་དང་འབྲེལ་བའི་རྩོམ་ཡིག་༣༠༠ ལྷག་མེད་པ་བཟོ་དགོས་པའི་བཀའ་བཏང་བ་བཞིན་བསུབ་དགོས་ཁེལ་ཡོད་འདུག

ཉེ་བའི་ལོ་ཤས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་རྒྱ་ངོ་དེབ་དང་། ཊུ་ཝིའི་ཊེར། ཡུག་ཊུབ། དེ་བཞིན་འཚོལ་བཤེར་མ་ལག་གྷུ་གྷེལ་ལྟ་བུ་ཕྱི་རྒྱལ་གྱི་དྲ་གནས་རྣམས་བཀག་ཟིན་ཡོད་ཀྱང་། ཤེས་ཡོན་དང་འབྲེལ་བའི་དུས་དེབ་རྣམས་གོང་ཆེ་ཁར་ཀློག་མཁན་ཡང་ཉུང་སྟབས། བཀག་སྡོམ་བྱེད་རྒྱུའི་དམིགས་འབེན་དེ་ཙམ་བཟུང་མེད་འདུག འོན་ཀྱང་། ད་ལྟ་ཤེས་ཡོན་དང་འབྲེལ་བའི་བརྒྱུད་ལམ་རྣམས་བཀག་སྡོམ་བྱེད་བཞིན་པའི་གནས་སྟངས་ལ་བལྟས་ན། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་བརྒྱུད་ལམ་ཅི་འདྲ་ཞིག་ཡིན་རུང་། ངེས་པར་དུ་རྒྱ་ནག་དམར་ཤོག་གཞུང་གི་ལམ་སྟོན་འོག་ཡོང་དགོས་པའི་བརྡ་ཁྱབ་ཅིག་སྤེལ་ཡོད་རྐྱེན་དེ་ལྟར་བྱུང་བ་ཡིན་སྐོར་འདུག

རྒྱ་ནག་ཟླ་གསུམ་དུས་དེབ་ཀྱི་རྩོམ་སྒྲིག་པ་ཊིམ་པཱི་རིན་གྷེལ་གྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཟླ་འདིའི་ཕྱི་ཚེས་༡༨ ཉིན་འཕྲིན་ཡིག་ཅིག་སྤེལ་ཡོད་འདུག་ཅིང་། དེའི་ནང་གོང་གསལ་གྱི་གནད་དོན་རྣམས་དང་འབྲེལ་བའི་རྩོམ་ཡིག་ཁག་མེད་པ་མ་བཟོས་ཚེ་དུས་དེབ་དེ་རྒྱ་ནག་ཏུ་འདོན་སྤེལ་བྱེད་མི་ཆོག་པ་དང་། རྒྱ་ནག་ནང་དུ་ཡོད་པའི་དུས་དེབ་ཀྱི་དྲ་རྒྱ་སྒོ་རྒྱག་རྒྱུའི་འཇིགས་ཉེན་ཡོད་སྐོར་ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་ལ་རྒྱ་ནག་གཞུང་གིས་བཤད་ཡོད་པ་དཔེ་སྐྲུན་ཁང་དེས་ཁོང་ལ་བརྗོད་ཡོད་འདུག

རྒྱ་ནག་གཞུང་གི་བྱེད་སྟངས་དེར་བརྡ་ལན་དུ་དུས་དེབ་དེའི་མིང་ཐོག་ནས་བསྒྲགས་གཏམ་ཤིག་སྤེལ་ཡོད་པའི་ནང་སེམས་ཁྲལ་དང་བློ་ཕམ་ཆེན་པོ་བྱུང་སྐོར་འཁོད་ཡོད་འདུག བསྒྲགས་གཏམ་ནང་“ཤེས་ཡོན་རང་དབང་ཐད་ཀྱི་བཀག་སྡོམ་འདི་ཙམ་མ་ཡིན་པར། འདི་ལས་རྒྱ་ནག་རྒྱལ་ཡོངས་སུ་མང་ཚོགས་ཀྱི་ལས་དོན་དང་། གོ་བསྡུར་བཅས་ཀྱི་ཐོག་ལ་ཇི་འདྲའི་གུ་དོགས་ཀྱི་སྲིད་ཇུས་ཤིག་འཛིན་གྱིན་ཡོད་མེད་ཀྱང་ང་ཚོས་ཤེས་རྟོགས་བྱུང་སོང་” ཞེས་འཁོད་ཡོད་འདུག

དེ་བཞིན་རྩོམ་སྒྲིག་པ་ཊིམ་པཱི་རིན་གྷེལ་གྱིས་བཅར་འདྲི་ཞིག་གི་ནང་། དཀའ་ངལ་ཆེ་ཤོས་དེ་དུས་དེབ་དེའི་ནང་རྩོམ་མང་པོ་སྤེལ་མཁན་གྱི་རྒྱ་ནག་གི་ཤེས་ཡོན་པ་རྣམས་ལ་འཕྲད་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་གོང་གསལ་གནད་དོན་ཐོག་རྒྱལ་སྤྱིའི་མཁས་དབང་རྣམས་ལ་བསམ་ཚུལ་ག་རེ་ཡོད་མེད་ཁོང་ཚོས་ཤེས་རྟོགས་ཐུབ་དཀའ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་པ་མ་ཟད། “རྒྱ་ནག་འཛམ་གླིང་ལ་ཁ་ཕྱོགས་པ་དང་དུས་མཚུངས་སུ་ཤེས་ཡོན་རང་དབང་ཐད་ཀྱི་བཀག་སྡོམ་ཡང་ལྷན་དུ་བསྐྱོད་བཞིན་པ་ནི་ངོ་མ་ཡིད་སྐྱོ་གཞི་ཞིག་རེད་”ཅེས་བརྗོད་ཡོད་འདུག

ཁེམ་བྷི་རཱིའི་ཇིའི་གཙུག་ལག་སློབ་གཉེར་དཔེ་སྐྲུན་ཁང་གིས་གནད་དོན་དེ་དག་དང་འབྲེལ་བའི་ཡིག་ཆ་རྣམས་དུས་དེབ་ནས་མེད་པ་བཟོ་རྒྱུའི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག་ཅིང་། དེ་ནི་ཁོ་རང་ཚོས་པར་སྐྲུན་བྱས་པའི་དཔེ་དེབ་གཞན་རྣམས་རྒྱ་ནག་ནང་མུ་མཐུད་གནས་ཐུབ་ཕྱིར་ཡིན་སྐོར་བརྗོད་ཡོད་འདུག་པ་མ་ཟད། བདུན་ཕྲག་རྗེས་མའི་ནང་རྒྱ་ནག་གཞུང་དང་ལྷན་དུ་ཚོགས་འདུ་ཞིག་འཚོགས་ནས་གནད་དོན་དེའི་སྐོར་བཤད་རྒྱུ་ཡིན་སྐོར་དང་། ཁོ་རང་ཚོའི་དཔེ་སྐྲུན་ལམ་ལུགས་ཀྱི་རང་བཞིན་རྒྱ་ནག་གི་འདོད་པ་དང་བསྟུན་ཆེད་དུ་བསྒྱུར་བཅོས་གཏོང་རྒྱུ་མིན་སྐོར་སོགས་བརྗོད་ཡོད་འདུག

བཀག་སྡོམ་བྱེད་དགོས་པའི་རྩོམ་ཡིག་ནང་དུ། ཕྱི་ལོ་༡༩༦༠ ནང་གི་རྩོམ་ཡིག་ཁག་ཅིག་ཀྱང་ཡོད་འདུག་ཅིང་། རྩོམ་སྒྲིག་པ་ཊིམ་པཱི་རིན་གྷེལ་གྱི་འཕྲིན་ཡིག་ལྟར་ན། དཔེ་སྐྲུན་ཁང་དེས་དངས་བླངས་ཐོག་འཕྲུལ་དེབ་༡༠༠༠ ལྷག་ཁོ་རང་ཚོའི་དྲ་རྒྱ་ཐོག་ནས་མེད་པ་བཟོས་ཡོད་འདུག

རྒྱ་ནག་ཟླ་གསུམ་དུས་དེབ་ནི་(The China Quarterly) ཕྱི་ལོ་༡༩༦༠ ལོ་ནས་འགོ་འཛུགས་ཀྱིས་ཟླ་གསུམ་རེའི་ནང་ཐེངས་རེ་བཏོན་ཏེ་ལོ་གཅིག་ལ་ཐེངས་༤ རེ་པར་སྐྲུན་བྱེད་ཀྱི་ཡོད་འདུག དུས་དེབ་དེའི་ནང་གི་རྩོམ་ཡིག་དང་དཔེ་དེབ་ཁག་ནི་དེང་དུས་ཀྱི་རྒྱ་ནག་སྐམ་ས་ཆེན་མོ་དང་། ཐའེ་ཝན་བཅས་ཀྱི་གནད་དོན་རྣམས་ཀྱི་སྐོར་ལ་གཙོ་གནད་དུ་བཟུང་ཡོད་ཁར།  ས་ཁམས་དང་། དཔལ་འབྱོར། སྒྱུ་རྩལ། རྩོམ་རིག ལོ་རྒྱུས། རྒྱལ་སྤྱིའི་གནད་དོན། ཁྲིམས་ལུགས། ཆབ་སྲིད། སྤྱི་ཚོགས་ཚན་རིག་སོགས་གནད་དོན་སྣ་ཚོགས་པའི་སྐོར་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 225

Leave a Reply