རྒྱ་གཞུང་གི་རེ་བ་སྟོང་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༢  ཕྱི་ལོ་ ༢༠༡༧/༢  /༡  

ད་ལྟའིི་དུས་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིས་འཛམ་གླིང་སྤྱིའི་བྱུས་གཏོགས་ལས་ཨ་རི་རྒྱལ་ཁབ་སྒེར་གྱི་དོན་དུ་བསམ་བློ་མང་བ་གཏོང་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་ང་ཚོའི་མདུན་ཕྱོགས་སུ་ཡོད་མཁན་དེས་འགན་ཕྱིར་བཤིག་བརྒྱབ་པ་ཡིན་ན་ང་ཚོས་འཛམ་གླིང་གི་སྣེ་ཁྲིད་པ་བྱེད་འཆར་ཡོད་སྐོར་ཡང་བརྗོད་བཞིན་ཡོད། སྤྱིར་ད་ལྟའི་དུས་འདི་འཛམ་གླིང་སྤྱིའི་གནད་དོན་ཐོག་ནས་དཀྱོག་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད་པ་དང་། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་རྗེས་ཡུ་རོབ་མཐུན་ཚོགས་ལའང་རང་བཞིན་གྱིས་ཞེད་སྣང་མང་པོ་ཞིག་སླེབས་ཡོད། ལྷག་པར་དུ་ཨ་རིའི་སྲིད་འཛིན་གསར་པས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱས་པ་དེ་ཡང་དུས་ལ་བབ་ཡོད་ཚུལ་དང་། གཞན་ཡང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་འདོད་མཁན་ཡོད་ན་ཡག་པོ་ཡིན་ཚུལ་བརྗོད་བཞིན་པར་བརྟེན། དེ་བས་ཀྱང་ཡུ་རོབ་མཐུན་ཚོགས་ལ་དཀའ་ངལ་འཕར་མ་ཞིག་འཕྲད་སྲིད་པའི་དོགས་པ་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད།

དེང་སྐབས་ཁ་ཆེའི་ཡུལ་གྲུ་མང་པོ་ཞིག་ཏུ་ནང་འཁྲུག་གི་དཀའ་ངལ་ཆེན་པོ་ཡོང་བཞིན་པ་དང་། དེ་ལ་བརྟེན་ནས་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཏུ་སྐྱབས་བཅོལ་བ་ཕོན་ཆེ་སླེབས་བཞིན་པའི་དཀའ་ངལ་འཕྲད་བཞིན་ཡོད། ཨ་རིའི་གཞུང་གིས་གནད་དོན་དེའི་ཐོག་ལ་སྔོན་དང་མི་འདྲ་བའི་སྲིད་བྱུས་ཤིག་འཛིན་བཞིན་ཡོད་པ་ནི། འཛམ་གླིང་འདིར་དཀའ་ངལ་འཕར་མ་ཞིག་འཕྲད་རྒྱུའི་སྣ་འདྲེན་ལྟ་བུར་ཡང་འགྱུར་སྲིད། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པ་དང་། ཨ་རིའི་སྲིད་འཛིན་དུ་སྐུ་ཞབས་ཌོ་ནལ་ཊོམ་ཐོབ་པ་གཉིས་ཀྱི་རྒྱུ་མཚན་ནི་རྒྱལ་ཞེན་རིང་ལུགས་སམ། མི་རིགས་རིང་ལུགས་རྒྱབ་ལྗོངས་སུ་བྱས་པས་ཡིན་ལ། ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དག་ལའང་འདི་ལྟ་བུའི་ལྟ་ཚུལ་མང་དུ་སོང་ན་འཛམ་གླིང་སྤྱིའི་གཅིག་སྒྲིལ་དང་མཐུན་ལམ་གྱི་ཐོག་ལའང་དཀའ་ངལ་ཆེན་པོ་ཞིག་འཕྲད་སྲིད་པ་མ་ཟད། ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤུགས་རྐྱེན་དང་ནུས་པའང་ད་ལྟ་ལས་ཀྱང་ཆུང་དུ་སོང་ནས། མཉམ་འབྲེལ་རྒྱལ་ཚོགས་དེ་ཉིད་ཤོག་བུའི་སྟག་ངོ་མ་ཞིག་ཏུ་འགྱུར་ངེས་པ་རེད།

སྤྱིར་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཁ་ནས་གོ་ལ་གཅིག་གྱུར་དང་། འཛམ་གླིང་སྤྱི་དོན་བརྗོད་བཞིན་པ་ལས་དོན་དུ་རང་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ན་གཙོར་འཛིན་བྱེད་བཞིན་པ་ནི་སྨྲོས་མ་དགོས་པ་རེད། ད་ལན་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཊོམ་གྱིས་དོན་གྱིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ཉིད་ཁ་གསལ་གྱི་ཐོག་ནས་ཡོངས་གྲགས་བྱས་པ་ཙམ་ལས་གསར་པ་ཞིག་གང་ཡང་མ་རེད། ཨ་རིའི་མངའ་སྡེ་དང་གྲོང་ཁྱེར་ཁག་ཏུ་བུད་མེད་གཙོ་བོར་གྱུར་པའི་མི་མང་གི་ངོས་ནས་ཀྱང་སྲིད་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་བར་མ་ཆད་དུ་སྤེལ་བཞིན་པ་འདི་ཡང་། ཨ་རིའི་དོན་གྱི་སྲིད་བྱུས་མ་ཤེས་པ་མ་རེད་ལ། ཨ་རིའི་མི་ནི་རང་གཤིས་ཚ་པོ་དང་འཛམ་གླིང་མི་མང་གི་སྣེ་ཁྲིད་པ་ང་ཚོ་ཡིན་སྙམ་པའི་སྤོབས་པ་དང་ང་རྒྱལ་ཡོད་པའི་ཐོག རྣམ་འགྱུར་ཡང་དེ་ལྟ་བུ་སྟོན་དགའ་པོ་ཡོད་སྟབས། ད་ལན་སྲིད་འཛིན་གྱིས་དོན་དངོས་གསལ་སྟོན་བྱས་པས་མི་མང་གིས་སྲིད་འཛིན་གྱིས་ང་ཚོའི་རྒྱལ་ཁབ་དང་མི་མང་གི་ངོ་གདོང་ཆུ་ལ་གཡུགས་སོང་སྙམ་པའི་ཁོང་ཁྲོ་ལངས་པ་ཙམ་རེད།

ཨ་རིའི་སྲིད་འཛིན་འདི་ཉིད་གཞན་དང་མི་འདྲ་བར་བློ་ཁོག་ཆེན་པོ་དང་། འོས་བསྡུའི་སྐབས་བཤད་པའི་སྐད་ཆ་དག་ད་ལྟའི་ཆར་རིམ་བཞིན་ལག་བསྟར་བྱེད་བཞིན་པས་ཁ་བཤད་ལག་ལེན་བྱེད་མཁན་ཞིག་ཕལ་ཆེར་ཡིན་པ་འདྲ། གནས་སྟངས་འདིའི་ཐོག་ནས་དོན་དངོས་སུ་ཨ་རིའི་གནས་སྟངས་ཡར་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་ཞིག་ཏུ་གྱུར་སོང་ན། མི་མང་གི་ངོས་ནས་ཀྱང་དགའ་སྣང་བྱེད་པ་ལས་མི་དགའ་བ་བྱེད་མཁན་མེད་ཚོད་རེད་སྙམ། ཨ་རིས་རང་ཉིད་ཀྱི་ཁེ་ཕན་གཙོར་འདོན་བྱེད་པའི་དབང་དུ་བཏང་ཡང་། འཛམ་གླིང་གི་སྣེ་ཁྲིད་མཁན་རྒྱ་དམར་གཞུང་ཆགས་མི་སྲིད་པར། ད་ལྟའི་ཆར་རྒྱ་གཞུང་ལ་འཛམ་གླིང་གི་སྣེ་ཁྲིད་རྒྱུའི་ནུས་པ་མེད་པ་མ་ཟད། འཛམ་གླིང་གི་དཔོན་རིགས་སུ་དང་ཐུག་ཀྱང་དང་པོ་ཉིད་ནས་རྒྱ་ནག་གཅིག་གི་ལངས་ཕྱོགས་འཛིན་དགོས་པ་འདི་ཉིད་རྩ་བའི་རྩེ་མོར་འཛིན་བཞིན་པ་དེ་རྒྱ་ནག་གི་ནུས་པ་དང་དཀའ་ངལ་ངོ་མ་མཚོན་བྱེད་དུ་གྱུར་ཡོད། རང་གི་རྒྱལ་ཁོངས་ཀྱི་ཆབ་འབངས་གཅིག་གྱུར་མི་ཐུབ་མཁན་ཞིག་གིས་འཛམ་གླིང་གི་སྣེ་ཁྲིད་ཇི་ལྟར་བྱེད་ཐུབ་བམ།

མདོར་ན་ཨ་རིའི་སྲིད་འཛིན་གྱིས་རང་རྒྱལ་ཁབ་ཀྱི་ཁེ་ཕན་གཙོར་འདོན་བྱེད་རྒྱུ་ཡིན་ཚུལ་བརྗོད་པ་དེ་དངོས་གནས་ཡིན་ཡང་། འཛམ་གླིང་རྒྱལ་ཁབ་ཁག་གི་སྣེ་ཁྲིད་པ་བྱེད་རྒྱུ་མིན་པའི་སྐད་ཆ་དེ་དག་ནི་ཁ་ནས་བཤད་པ་ཙམ་ལས་དོན་དམ་པ་ཞིག་གཏན་ནས་ཡིན་མི་སྲིད། གལ་སྲིད་ཨ་རིས་དོན་དངོས་སུ་དེ་ལྟར་བྱས་ན་ད་ལྟ་ཁ་ཆེའི་ཡུལ་གྲུ་ཁག་ཏུ་ནང་འཁྲུག་ཤུགས་ཆེ་བྱེད་བཞིན་པའི་རྒྱབ་ཏུ་ཨ་རི་སོགས་ཀྱི་ལག་པ་མེད་ས་ཞིག་གཏན་ནས་མེད་ལ། ད་ལྟ་དཀའ་ངལ་ཆེན་པོ་འཕྲད་དུས་གཡུགས་བཞག་ན་འགན་མ་ཁུར་བ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གིས་འཛམ་གླིང་གི་སྣེ་ཁྲིད་པ་བྱེད་རྒྱུའི་སྐད་ཆ་དེ་ཉིད་སེམས་ལ་ཡོད་ངེས་ཀྱང་དེ་ལྟ་བུའི་གོ་སྐབས་ནི་ཡོང་ཐབས་མེད་པའི་རེ་སྟོང་ཙམ་ཡིན། གང་ལྟར་ད་ལྟ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གིས་གཅིག་གྱུར་གྱི་ཁ་གཡང་འདི་ཉིད་རིམ་པས་མཚམས་འཇོག་བྱེད་རྒྱུའི་ཉེན་ཁ་ཡོད་པ་དང་། མ་འོངས་པར་དུས་ནམ་ཞིག་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་དར་ཆ་འདི་ཡང་འཕྱར་མཚམས་འཇོག་རྒྱུའི་དུས་ཚོད་ཅིག་འཆར་མི་སྲིད་པ་གཏན་ནས་རེད་མི་འདུག་སྙམ།།

Print Friendly, PDF & Email
Share on Facebook11Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 221

Leave a Reply