རྒྱ་གར་གནས་སྐོར་བ་རྣམས་བཀག་རྗེས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ།

རྒྱ་གར་བ་རྣམས་བོད་དུ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་སུ་གནས་སྐོར་དུ་འགྲོ་བར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་སྟབས། རྒྱ་གར་མི་མང་ཁག་ཅིག་གིས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་བྱས་ཡོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་གར་སྒང་ཏོག་རྣ་ཐོས་ལ་བརྒྱུད་ནས་བོད་དུ་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ་ལ་གནས་སྐོར་དུ་འགྲོ་མཁན་རྣམས་རྒྱ་ནག་གཞུང་གིས་བཀག་རྗེས།  ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གར་མི་མང་བཅུ་ཕྲག་མང་པོས་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་འདུག
ལས་འགུལ་བ་ཚོས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐད་རྒྱ་ནག་གཞུང་གི་ཉེ་ཆར་གྱི་ཐག་གཅོད་སྤྱི་དང་། ལྷག་པར་དུ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ལ་གནས་སྐོར་དུ་འགྲོ་མཁན་རྣམས་བཀག་འགོག་བྱས་པར་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། ཁོང་ཚོས་རྒྱ་གར་མི་མང་ནས་རྒྱ་ནག་གི་ཐོན་རྫས་ཚོང་ཟོག་རྣམས་ཉོ་ཚོང་མི་བྱེད་རྒྱུའི་དགོས་འདུན་བཏོན་ཡོད་འདུག

དེ་ཡང་ངོ་རྒོལ་བ་ཚོས་ “རྒྱ་གར་གྱི་ཁ་གཏད་དུ་གྱུར་པའི་རྒྱ་ནག་གི་སྲིད་ཇུས་ལ་ང་ཚོས་ནམ་ཡང་མོས་མཐུན་བྱེད་ཐུབ་ཀྱི་མེད། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ལ་གནས་སྐོར་དུ་བསྐྱོད་མཁན་རྒྱ་གར་བ་རྣམས་ཕྱིར་ལོག་བཏང་བ་འདིས་རྒྱ་ནག་དེ་རྒྱ་གར་གྱི་གྲོགས་པོ་མིན་པ་སྟོན་གྱི་ཡོད་རེད། རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་ལ་མི་མང་གིས་ངོ་རྒོལ་བྱེད་དགོས་” ཞེས་བརྗོད་ཡོད་འདུག

འདི་ལོར་རྒྱ་གར་ནས་བོད་དུ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་སུ་གནས་སྐོར་དུ་རྣ་ཐོས་ལ་བརྒྱུད་ནས་འགྲོ་མཁན་གྱི་སྡེ་ཚན་དང་པོ་མི་༥༠ ཡོད་པ་རྣམས་ལ་བོད་སར་འཛུལ་བར་བཀག་འགོག་བྱས་སྐོར་གྱི་སྐད་ཆ་ཡོད་འདུག་ཀྱང་། ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་ཨུ་ཊར་ཁན་མངའ་སྡེའི་ནང་ཡོད་པའི་ལི་པུ་ལེག་ལ་ཁ་བརྒྱུད་ནས་མུ་མཐུད་འགྲོ་ཆོག་སྐོར་བརྗོད་ཡོད་འདུག
ཉེ་ཆར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་ཐོག་ནས་རྙོག་གླེང་ཆེ་རུ་འགྲོ་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook41Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 453

Leave a Reply