རྒྱ་གར་གསར་འགོད་པ་རྒན་གྲས་ཤིག་དམར་གསོད་བཏང་འདུག

རྒྱ་གར་གྱི་གཞུང་དང་ཧིན་རྡུ་མཁྲེགས་འཛིན་རིང་ལུགས་པ་རྣམས་ལ་འཛེམས་ཟོན་མེད་པར་སྐྱོན་བརྗོད་བྱེད་མཁན་གྲགས་ཅན་གྱི་གསར་འགོད་པ་རྒན་གྲས་དང་རྩོམ་པ་པོ། ལས་འགུལ་བ་ལྕམ་གྷོ་རི་ལཱན་ཀེ་ཤིར། མི་གསུམ་གྱིས་མེ་མདའ་བརྒྱབ་ནས་དམར་གསོད་བཏང་ཡོད་འདུག

ཟླ་༩ པའི་ཚེས་༦ ཉིན་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༥ ཉིན་གྱི་དགོང་མོར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་བྷེང་ལོར་ནང་། རང་ལོ་༥༥ ལ་སོན་པའི་ཀར་ན་ཊ་ཀའི་སྐད་ཡིག་གི་གསར་ཤོག་ཅིག་གི་རྩོམ་སྒྲིག་པ་ལྕམ་གྷོ་རི་ལཱན་ཀེ་ཤི། ལས་གནས་ནས་རང་ཁྱིམ་དུ་ལོག་ཡོད་པ་དང་། རླངས་འཁོར་ནས་ཕྱིར་དོན་ནས་སྒོ་ཕྱེ་བཞིན་སྐབས། མི་གསུམ་གྱིས་མེ་མདའ་བརྒྱབ་ནས་བསད་རྗེས། སྦག་སྦག་ཅིག་བཞོན་ནས་བྲོས་ཐར་བྱུང་ཡོད་པ་རེད་འདུག

གནད་དོན་དེས་བརྒྱུད་ལམ་ཁག་ཏུ་དེ་སྔོན་རྒྱ་གར་ནང་གི་རྩོམ་པ་པོ་དང་། གསར་འགོད་པ། བསམ་བློ་བ་སོགས་དམར་གསོད་བཏང་བའི་ལོ་རྒྱུས་རྣམས་དྲན་གསོ་བྱེད་བཞིན་འདུག་པ་དང་། རྒྱ་གར་ནང་གི་གསར་འགོད་པ་དང་རྩོམ་པ་པོ་སོགས་ཀྱིས་དམར་གསོད་དོན་རྐྱེན་དེར་སྐྱོན་བརྗོད་བྱས་ཏེ། རྟོག་ཞིབ་ནན་པོ་བྱེད་དགོས་པའི་ངོ་རྒོལ་སྐད་འབོད་བྱེད་དགོས་སྐོར་བརྗོད་ཡོད་འདུག  ད་ལྟའི་ཆར་ཉེན་རྟོག་པས་གནད་དོན་དེར་རྟོག་ཞིབ་བྱེད་བཞིན་པ་རེད་འདུག

ལྕམ་གྷོ་རི་ལཱན་ཀེ་ཤིས་གསར་འགོད་རིག་པའི་སློབ་གཉེར་བྱས་རྗེས། རྒྱ་གར་གྱི་དུས་བབ་གསར་ཁང་དུ་ལས་ཀ་བྱས་སྐབས། མོས་འཛེམས་ཟོན་མེད་པར་བློ་སྤོབས་ལྡན་པའི་ཐོག་ནས། རྒྱ་གར་ནང་གི་རིགས་རུས་བརྩི་སྲོལ་དང་། ཆོས་ལུགས་ཀྱི་ཆབ་སྲིད། ཧིན་རྡུ་མཁྲེགས་འཛིན་རིང་ལུགས་པ་རྣམས། དེ་བཞིན་ད་ལྟའི་གཞུང་འཛིན་བྷི་ཇེ་བྷེ་སྲིད་དོན་ཚོགས་པ་ལ་ཡང་སྐྱོན་བརྗོད་ཤུགས་ཆེན་བྱས་པས། གཞུང་དང་གདོང་ཐུག་མང་པོ་བྱུང་ཡོད་འདུག རྗེས་སུ་རང་གནས་བྷེང་ལོར་གྲོང་ཁྱེར་དུ་ལོག་ནས་ཀར་ན་ཊ་ཀའི་སྐད་ཡིག་གི་བདུན་རེའི་གསར་ཤོག་ཅིག་འགོ་འཛུགས་བྱས་ཡོད་པ་རེད་འདུག གསར་ཤོག་དེས་རྒྱུན་དུ་ཁྱབ་བསྒྲགས་རིགས་བཀོད་ཀྱི་མེད་པ་དང་། གསར་ཁང་དེར་ལས་བྱེད་༥༠ ཡིས་ལས་ཀ་བྱེད་ཀྱི་ཡོད་པ་རེད་འདུག

ལྕམ་ཁོང་གིས་རྒྱུན་དུ་ནས་རྒྱ་གར་ནང་གི་སྨྲ་བརྗོད་རང་དབང་གི་གནས་སྟངས་དང་། མི་ཞིག་ལ་ལྟ་ཚུལ་མི་འདྲ་བ་ཡོད་པའི་རྐྱེན་གྱིས་དེ་ལ་འཐབ་རྒོལ་བྱེད་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག

ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གྱིས་གནད་དོན་དེ་ནི་མང་གཙོ་ལ་དམར་གསོད་གྱི་དྲག་རྒོལ་སྤེལ་བ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

ཀར་ན་ཊ་ཀའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་མ་རུལ་སི་ཌི་པཱ་ཡིས། བྱེ་བྲག་ཏུ་རྩོམ་པ་པོ་ཁག་ཅིག་ལ་དྲག་རྒོལ་བྱེད་པའི་རྒྱུ་མཚན་ནི། དེ་དག་ལ་མི་མང་གི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐུབ་པའི་ནུས་པ་ཡོད་རྐྱེན་ཡིན་པ་དང་། ལྕམ་གྷོ་རི་ལཱན་ཀེ་ཤིར་ལ་སྒེར་གྱི་དགྲ་བོ་མེད་པས། དེ་ནི་ཆབ་སྲིད་ཀྱི་བྱེད་ལས་ཤིག་ཡིན་སྐོར་བརྗོད་ཡོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས། རྒྱ་གར་ནང་དུ་རྒྱལ་ཞེན་རིང་ལུགས་མཁྲེགས་འཛིན་གྱི་གསར་འགོད་པ་ཚོས། གསར་འགོད་པ་དང་རྩོམ་པ་པོ་གཞན་ལ་དྲ་ཐོག་ཏུ་མིང་ཤས་བཟོ་ཐབས་དང་རྡུང་རྡེག་གི་སྡིགས་ར་བསྐུལ་བ་སོགས་བྱེད་ཀྱི་ཡོད་པ་དང་། ཧིན་རྡུ་ཆོས་ལུགས་ཀྱི་མཁྲེགས་འཛིན་པ་ཚོས་རྒྱལ་ནང་དུ་རྒྱལ་ཁབ་ལ་ཁ་གཏད་ཀྱི་བགྲོ་གླེང་སོགས་ཀྱི་རྣམ་པ་གཙང་སེལ་བཟོ་ཐབས་བྱེད་བཞིན་སྐབས། རྒྱ་གར་གྱི་བརྒྱུད་ལམ་ཆེ་ཁག་ནང་རང་མོས་ཀྱིས་ཞིབ་བཤེར་དང་སྟངས་འཛིན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༧ ལོའི་འཛམ་གླིང་གསར་འགོད་རང་དབང་གི་སྙན་ཐོའི་ནང་། རྒྱ་གར་དེ་རྒྱལ་ཁབ་༡༨༠ ཡི་ནང་ཨང་༡༣༦ པ་དེ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 516

Leave a Reply