རྒྱ་གར་གྱི་གནས་སྐོར་བར་དྲག་སྤྱོད་པས་རྒོལ་རྡུང་།

ཀ་ཤི་མིར་དུ་ཧིན་རྡུ་ཆོས་ལུགས་ཀྱི་གནས་བསྐོར་བ་རྣམས་ལ་དྲག་སྤྱོད་པས་རྒོལ་རྡུང་བྱས་ནས་མི་༧ བསད་ཡོད་པ་དང་། མི་༡༩ ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱ་གར་ཇ་མུ་དང་ཀ་ཤིར་མིར་ས་གནས་སུ་ཡོད་པའི་ཧིན་རྡུའི་ཆོས་ལུགས་ཀྱི་གནས་རྩ་ཆེན་ཨ་མར་ནཱ་ཐིར་བྲག་ཕུག་ལ་མཇལ་སྐོར་གྲུབ་ནས། སྤྱི་སྤྱོད་རླངས་འཁོར་བརྒྱུད་གནས་སྐོར་བ་ཕྱིར་ལོག་བཞིན་པའི་ལམ་བར་ནས། དྲག་སྤྱོད་པས་ཉེ་འཁོར་གྱི་ཉེན་རྟོག་ཁང་དུ་དྲག་རྒོལ་བྱེད་བཞིན་པ་དང་ཁེལ་བར་བརྟེན། དྲག་སྤྱོད་པས་རླངས་འཁོར་ལ་མེ་མདའ་བརྒྱབས་ཏེ། གནས་བསྐོར་བ་མི་༧ བསད་ཡོད་པ་དང་མི་༡༩ ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་འདུག་པ་མ་ཟད། འདས་གྲོངས་སུ་སོང་བའི་ཁྲོད་ནས་༦ བུད་མེད་ཡིན་འདུག

རྨས་སྐྱོན་ཕོག་མཁན་གྲལ་ནས་གཅིག་སྤྱི་སྤྱོད་རླངས་འཁོར་གྱི་བདག་པོ་ཧར་ཤཱི་ཌེ་སེ་ཞེས་པ་ཡིན་པ་དང་། ཁོས་སྦི་སྦི་སི་གསར་ཁང་ལ་བརྗོད་དོན་“ང་ཚོའི་སྤྱི་སྤྱོད་རླངས་འཁོར་མདུན་དུ་མེ་མདའ་འཁྱེར་མཁན་མི་ལྔ་དྲུག་ཙམ་མཐོང་བྱུང་། ཁོང་ཚོས་སུ་ཡིན་མིན་ལ་མ་ལྟོས་པར་མེ་མདའ་སུ་ལ་ཐེབས་ཐེབས་བརྒྱབ་སོང་ལ། སྤྱི་སྤྱོད་རླངས་འཁོར་ལ་རྡོ་ཡང་བརྒྱབས་བྱུང་། ངས་ཁ་ལོ་བ་ལ་རླངས་འཁོར་ཁ་མ་བཀག མུ་མཐུད་དུ་ཐོངས་ཞེས་བརྗོད་པ་ཡིན།” ཞེས་བརྗོད་ཡོད་འདུག དེ་བཞིན་རྨས་སྐྱོན་མ་ཕོག་པའི་སྐྱེ་དམན་ཞིག་གིས་མོ་རང་འཁྲིས་སུ་བསྡད་ཡོད་པའི་སྤུན་མཆེད་མ་དང་། རྒྱབ་ཏུ་སྡོད་མཁན་གྱི་མི་ཞིག་བཅས་ལ་མེ་མདའ་ཕོགས་ནས་གྲོངས་ཡོད་སྐོར་བརྗོད་འདུག

ཁ་ལོ་བས་དོན་རྐྱེན་བྱུང་ས་ནས་ཀི་ལོ་མི་ཊར་༢ ཀྱི་མཚམས་སུ་ཡོད་པའི་དམག་མིའི་སྡེ་ཚན་ཞིག་གི་ཉེ་འཁྲིས་སུ་མ་འབྱོར་བར་དུ་རླངས་འཁོར་མུ་མཐུད་བསྐོར་ཡོད་པ་དང་། དྲག་རྒོལ་དེའི་ཁྲོད་ནས་མ་ཤི་བར་གསོན་པོར་གནས་མཁན་མང་ཆེ་བས་རླངས་འཁོར་ཁ་ལོ་བར་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་འདུག་པ་མ་ཟད། ཁ་ལོ་བ་དེ་མེད་ཚེ་མི་ཤི་བའི་གྲངས་ཀ་མང་དུ་སོང་ཡོད་སྐོར་བརྗོད་ཡོད་འདུག

ད་ཐེངས་ཀྱི་དྲག་རྒོལ་འདི་ནི་ལོ་ངོ་བཅུ་ཕྲག་གཉིས་དང་ཕྱེད་ཀའི་རིང་ལ་ཀ་ཤི་མིར་ས་གནས་སུ་གནས་སྐོར་བ་ལ་བྱུང་བའི་དྲག་རྒོལ་ཆེ་ཤོས་གཉིས་པ་དེ་ཡིན་འདུག་ཅིང་། དེ་ལ་བརྟེན་ནས་རྩོད་རྙོག་ཆེ་བའི་ཀ་ཤི་མིར་ས་གནས་སུ་ཉེན་ཚབས་ཆེ་རུ་འགྲོ་སྲིད་སྐོར་འདུག

ཉེན་རྟོག་པའི་འགོ་པ་ཨོལ་ཏ་ཧྥི་ཁན་གྱིས་ད་ཐེངས་ཀྱི་དྲག་རྒོལ་གྱི་རྒྱབ་ཏུ་པ་ཀི་སི་ཐན་ཏུ་རྟེན་གཞི་བྱས་པའི་(Lashkar-e-Taiba) ཞེས་པའི་དྲག་སྤྱོད་ཤོག་ཁག་ཡོད་པར་བརྗོད་ཡོད་འདུག་ཀྱང་། དྲག་སྤྱོད་ཤོག་ཁག་དེས་ངོས་ལེན་བྱས་མེད་ཁར་ད་ཐེངས་ཀྱི་དྲག་རྒོལ་དེ་ནི་ཀ་ཤཱིར་མིའི་རང་དབང་འཐབ་རྩོད་མེད་པ་བཟོ་ཕྱིར་རྒྱ་གར་གྱིས་བཤམ་པའི་ཇུས་ངན་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

དེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་“མི་ཚང་མས་ད་ཐེངས་ཀྱི་དྲག་རྒོལ་དེ་ནག་ཉེས་ཆེ་ཤོས་སུ་བརྩི་དགོས་”ཞེས་སོགས་བརྗོད་ཡོད་འདུག་པ་མ་ཟད། ཇཱ་མུ་དང་ཀ་ཤཱི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མེ་ཧཱེ་བྷུ་བྷ་མུ་ཧྥི་ཊི། གཞན་ཡང་ཁ་བྲལ་རིང་ལུགས་ཀྱི་འགོ་ཁྲིད་སཱ་ཡེ་ཌི་ཨ་ལི་གྷི་ལ་ནིའི་མགྲིན་ཚབ་པ་བཅས་ཀྱིས་སྐྱོན་བརྗོད་བྱས་ཡོད་འདུག ཕྱི་ལོ་༢༠༡༧ ལོར་ཨ་མར་ནཱ་ཐི་བྲག་ཕུག་ལ་མཇལ་སྐོར་འགྲོ་མཁན་དུ་དེབ་སྐྱེལ་བྱེད་མཁན་མི་འབུམ་གཉིས་ལྷག་བྱུང་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 247

Leave a Reply