རྒྱ་གར་གྱི་བློན་ཆེན་ཟུར་པ་ཞིག་གིས་འཛིན་རིམ་༡༢ ཀྱི་ཡིག་རྒྱུགས་འཕྲོད་འདུག

རྒྱ་གར་ཧ་རི་ཡ་ནའི་མངའ་སྡེ་བློན་ཆེན་ཟུར་པ་ལྐོག་ཟ་རུལ་སུངས་ཀྱི་ཁ་མཆུའི་རྐྱེན་གྱིས་ད་ལྟ་བཙོན་ཁང་དུ་ཡོད་པ་ཞིག་གིས་འཛིན་རིམ་༡༢ ཀྱི་ཡིག་ཚད་བཏང་ནས་འཕྲོད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ཧ་རི་ཡ་ནའི་མངའ་སྡེའི་བློན་ཆེན་ཐེངས་༤ ལ་བྱས་མྱོང་ཞིང་། ད་ལྟ་རང་ལོ་༨༢ ལ་སོན་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ཀྱི་ཁ་མཆུའི་རྐྱེན་པས་བཙོན་འོག་ཏུ་ཡོད་པའི་སྐུ་ཞབས་ཨོཾ་པ་ར་ཀ་ཤི་ཅུ་ཏ་ལ་ཡིས། བཙོན་ཁང་གི་དུས་ཡུན་དོན་དང་ལྡན་པའི་ཐོག་ནས་བེད་སྤྱོད་བྱ་རྒྱུར་ཐག་བཅད་བྱས་ཏེ། ལྡི་ལིའི་ཊི་ཧར་བཙོན་ཁང་ནས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་ཚད་བཏང་ནས་རྒྱུགས་འཕྲོད་ཡོད་པ་རེད་འདུག

ཁོང་གི་བུ་ཨ་བྷས་ཅུ་ཏ་ལ་ཡིས་“པ་ལགས་ཀྱིས་བཙོན་འཇུག་དུས་ཡུན་དེ་དོན་དང་ལྡན་པའི་ཐོག་ནས་བེད་སྤྱོད་བྱ་རྒྱུར་ཐག་བཅད་ཡོད་རེད་”ཅེས་བརྗོད་ཡོད་འདུག་ལ།

དེ་བཞིན་ཁོང་གིས་རྒྱ་གར་གྱི་བང་ཆེན་གསར་ཁང་ལ་བརྗོད་པ་ལྟར་ན། ཨོཾ་པ་ར་ཀ་ཤི་ཅུ་ཏ་ལ་ཉིན་ལྟར་བཙོན་ཁང་ནང་གི་དཔེ་མཛོད་ཁང་དུ་འགྲོ་ཡི་ཡོད་འདུག་ལ། གསར་ཤོག་དང་དེབ་ཀློག་པ། དེ་བཞིན་བཙོན་ཁང་གི་ལས་བྱེད་རྣམས་ལ་ཁོང་རང་ཆེས་དགའ་ཤོས་ཀྱི་དེབ་རྣམས་གོ་སྒྲིག་བྱེད་རྒྱུའི་རེ་སྐུལ་ཡང་བྱེད་ཀྱི་ཡོད་འདུག་པ་མ་ཟད། འཛམ་གླིང་གི་གྲགས་ཅན་ཆབ་སྲིད་པའི་སྐོར་གྱི་དེབ་ཀློག་གི་ཡོད་པ་རེད་འདུག

དེ་སྔོན་ཕྱི་ལོ་༡༩༩༩ དང་༢༠༠༠ ལོའི་ནང་སྐུ་ཞབས་ཨོཾ་པ་ར་ཀ་ཤི་ཅུ་ཏ་ལ་དང་གཞན་མི་༥༤ ཡིས་དགེ་རྒན་༣,༢༠༦ གླ་རྒྱུ་དང་འབྲེལ་བའི་ཐོག་ཡིག་ཆ་རྫུན་བཟོ་བྱས་ནས་ལྐོག་རྔན་བླངས་པ་སོགས་རུལ་སུངས་ཀྱི་བྱས་ཉེས་བསགས་ཡོད་པའི་ནག་ཉེས་ར་འཕྲོད་བྱུང་ནས་བཙོོན་འཇུག་བྱས་ཡོད་འདུག  དུས་སྐབས་དེའི་རིང་དགེ་རྒན་ཚད་ལྡན་མང་པོ་ཞིག་ལ་ལས་ཀ་མ་སྤྲད་པར། ལྐོག་དངུལ་སྤྲོད་མཁན་རྣམས་ལ་ལས་ཀ་སྤྲད་ཡོད་འདུག

སྐུ་ཞབས་ཨོཾ་པ་ར་ཀ་ཤི་ཅུ་ཏ་ལ་ནི་རྒྱ་གར་རྒྱལ་ཡོངས་ལོཀ་ཌལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་སྲིད་བློན་གཞོན་པ་ཟུར་པ་ཌེ་ཝི་ལལ་གྱི་བུ་ཡིན་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 515

Leave a Reply