རྒྱ་གར་གྱི་མ་འོངས་མདུན་བསྐྱོད་དང་རྒྱ་ནག་གི་སེམས་ཁྲལ།

ཚོང་ལས་རྩ་འཛུགས་བྱེད་མཁན་ཚོའི་དོ་སྣང་རྒྱ་གར་གྱིས་དྲངས་ནས་རྒྱ་ནག་ལ་གྱོང་གུད་ཡོང་རྒྱུའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱ་གར་དུས་བབ་ཐོག་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་ཅིང་། ནམ་རྒྱུན་ནས་རྒྱ་གར་གྱི་འཕེལ་རྒྱས་ལ་དམའ་འབེབས་བྱེད་སའི་སྟེགས་བུར་གྱུར་པའི་གོ་ལའི་དུས་བབ་ཅེས་པའི་གསར་གནས་ཐོག་རྩོམ་ཡིག་ཅིག་སྤེལ་ཡོད་འདུག་པ་དང་། དེའི་ནང་གལ་སྲིད་ཚོང་ལས་ཐོག་རྒྱ་གར་གྱིས་རྒྱ་ནག་འདྲ་བཤུས་བྱས་ན། རྒྱ་ནག་གི་ཕྱོགས་ནས་འདོད་པ་ཁེངས་པའི་གྲུབ་འབྲས་ཤིག་ལེན་མི་ཐུབ་པ་དང་། དེའི་རྒྱུ་མཚན་ནི། འཛམ་གླིང་གི་ཚོང་ལས་རྩ་འཛུགས་ཀྱི་དོ་སྣང་རྒྱ་གར་གྱིས་དྲངས་རྒྱུ་ཡིན་པས་རེད་ཅེས་བརྗོད་ཡོད་འདུག

དེ་བཞིན་དེ་སྔོན་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གསར་གནས་དེའི་ནང་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བའི་སྐོར་ལ་འཁོད་དོན་དུ། “རྒྱ་གར་གྱིས་ཚོང་ལས་རྩ་འཛུགས་གང་མང་མང་གི་བློ་ཡིད་བཀུག་ནས། འཕེལ་རྒྱས་འགྲོ་བཞིན་ཡོད་པའི་རྟགས་མཚན་འདུག་”ཅེས་དང་། དེ་ནི་ངེས་པར་དུ་རྒྱ་ནག་གི་ངོས་ནས་ཡན་པོར་གཏོང་མི་ཉན་པའི་གནད་དོན་ཞིག་ཡིན་སྐོར་ཡང་བརྗོད་ཡོད་འདུག ཡང་གོ་ལའི་དུས་བབ་ཐོག གདོང་ལེན་བྱེད་དགོས་པའི་གནད་དོན་གཞན་ཞིག་ནི་མི་མང་གི་སྐྱེ་འཆིའི་གྲངས་ཚད་དེ་ཡིན་པ་དང་། རྒྱ་གར་གྱི་མི་འབོར་ཕྱེད་ཀ་ནི་རྒྱ་ནག་དང་མི་འདྲ་བར་ལོ་ན་༢༥ ཡི་འོག་ལ་ཡོད་པ་དང་། དེ་ནི་རྒྱ་གར་གྱི་ཁེ་ཕན་ཆེན་པོ་ཞིག་ཡིན་སྐོར་ཡང་བརྗོད་ཡོད་འདུག་པ་མ་ཟད། རྒྱ་གར་ནང་ཉི་འོད་ཀྱི་ནུས་ཤུགས་བེད་སྤྱོད་བྱེད་མཁན་གྱི་སྡེ་ཚན་ཤུགས་ཆེན་པོ་ཡོད་པ་དེ་ཚོང་ལས་རྩ་འཛུགས་བྱེད་མཁན་རྣམས་ལ་ཁེ་ཕན་གང་ལ་གང་འཚམ་ཆེན་པོ་ཡིན་པ་དང་། དེའི་ཐོག་ལ་འགྲན་སྡུར་མེད་སྐོར་བཅས་ཀྱང་འཁོད་ཡོད་འདུག

ད་ཐེངས་ཀྱི་རྩོམ་ཡིག་དེ་ནི་ཨན་བྷོན་ཌི་ཞེས་པ་སྒེར་གྱི་མཁས་དབང་ཚོགས་པ་ཞིག་གིས་“གལ་སྲིད་རྒྱ་གར་གྱིས་རྒྱ་ནག་འདྲ་བཤུས་བྱ་རྒྱུ་ཐག་བཅད་ན་དེས་ཤུགས་རྐྱེན་ཅི་ཞིག་བཟོ་མིན་དང་། རྒྱ་ནག་གིས་ག་རེ་བྱེད་དགོས་རེད་”ཅེས་པའི་དྲི་བའི་ལན་འདེབས་སྙན་ཐོ་དང་། ཨིའི་ཝ་ཡེ་(EY) རྒྱལ་མང་ཆེད་ལས་ཞབས་ཞུ་ཚོགས་པའི་དཔྱད་དོན་བཅས་ལ་གཞིར་བཞག་བྱས་ནས་བྲིས་པ་ཞིག་ཡིན་འདུག་ལ། དེ་གཉིས་ལ་གཙོ་བོ་ཨན་བྷོན་ཌི་(Anbound) སྙན་ཐོ་ལ་གཞི་བཅོལ་ནས་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་གོ་ལའི་དུས་བབ་ནང་སྤེལ་བ་ཞིག་རེད་འདུག

དེ་བཞིན་གོ་ལའི་དུས་བབ་ནང་། “གལ་སྲིད་འཛམ་གླིང་གི་ཚོང་ལས་རྩ་འཛུགས་བྱེད་མཁན་རྣམས་ཀྱི་མདུན་དུ། རྒྱ་གར་གྱིས་ཆེད་མངགས་འགྲན་སྡུར་རང་བཞིན་ཅན་གྱི་གནས་སྟངས་བཟོ་བཞིན་ཡོད་ན། དེས་རྒྱ་ནག་ལ་དཀའ་ངལ་བཟོ་ཡི་རེད། དེའི་རྒྱུ་མཚན་ནི། སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་གར་གྱི་ས་ཆའི་རྒྱ་ཁྱོན་དང་། ཁྲོམ་ར། ལས་མིའི་གླ་ཆ་དམའ་བ། མི་འབོར་མང་བ་བཅས་ཚང་མ་རྒྱ་ནག་དང་འདྲ་པོ་ཡོད་སྟབས།  རྒྱ་གར་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་མིག་དཔེ་བལྟས་ནས་འདྲ་བཤུ་བྱེད་རྒྱུའི་མཐུན་རྐྱེན་ཚང་ཡོད་རེད་”ཅེས་དང་།  “དོན་ངོ་མར་ཨིའི་ཝ་ཡེ་(EY) རྒྱལ་མང་ཆེད་ལས་ཞབས་ཞུ་ཚོགས་པའི་སྙན་ཐོ་ལྟར་ན། རྒྱལ་སྤྱིའི་ཚོང་ལས་རྩ་འཛུགས་བྱེད་མཁན་ཚོས་ད་ལྟ་གནད་དོན་དེའི་ཐོག་ཐག་གཅོད་བྱས་ཚར་མེད་པ་རེད་ཟེར་” ཅེས་སོགས་འཁོད་ཡོད་འདུག དེ་བཞིན་སྲིད་བློན་མོ་དྷི་ཡིས་མ་འོངས་པའི་ལོ་༥ ཡི་ནང་། ཉི་འོད་ཀྱི་ནུས་ཤུགས་རྒྱ་བསྐྱེད་ཀྱི་ལས་གཞིའི་ནང་ཨ་སྒོར་ཐེར་འབུམ་༡༠༠ བཏང་ནས། ནུས་ཤུགས་གཙང་མ་བེད་སྤྱོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྣུམ་རིགས་བེད་སྤྱོད་བྱ་རྒྱུ་ཉུང་འཕྲི་བྱ་རྒྱུའི་འཆར་གཞི་ཡོད་སྐོར། ཉི་འོད་དང་འབྲེལ་བའི་ཐོག་ནས་འཛམ་གླིང་གི་རྒྱལ་ཁབ་གང་གིས་ཀྱང་རྒྱ་གར་ནང་བཞིན་ཚོང་ལས་རྩ་འཛུགས་བྱེད་མཁན་རྣམས་ལ་ཕན་ཐོགས་བསྐྲུན་ཐུབ་ཀྱི་མེད་སྐོར་སོགས་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་གོ་ལའི་དུས་བབ་ནང་སྤེལ་ཡོད་འདུག།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 210

Leave a Reply