རྒྱ་གར་མངའ་སྡེའི་བློན་ཆེན་ཟུར་པ་ཞིག་ལ་བཙན་གཡེམ་གྱི་ཉེས་འཛུགས།

བུད་མེད་ཞིག་ལ་སྐྱེས་པ་ཁག་ཅིག་གིས་རུབ་བརྒྱབ་ནས་བཙན་གཡེམ་བྱས་ཡོད་པའི་ནང་། རྒྱ་གར་ཨུ་ཏར་མངའ་སྡེའི་བློན་ཆེན་ཟུར་པ་ཞིག་ཚུད་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ཨུ་ཏར་མངའ་སྡེའི་བློན་ཆེན་ཟུར་པ་གྷ་ཡ་ཏི་རི་པ་ར་པ་ཏི་དང་གཞན་མི་༣ བཅས་ཀྱིས་བུད་མེད་ཅིག་ལ་བཙན་གཡེམ་དང་། ཁོ་མོའི་བུ་མོ་ལོ་ཆུང་ཞིག་ལ་ལོག་སྤྱོད་བྱས་པ་བཅས་ཀྱི་ཉེས་འཛུགས་འོག ཟླ་འདིའི་ཚེས་༡༥ ཉིན་མངའ་སྡེ་དེའི་རྒྱལ་ས་ལག་ནོའུ་རུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཉེན་རྟོག་པས་གནས་ཚུལ་དེ་ཕྱི་ལོ་༢༠༡༤ ལོར་བྱུང་བ་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་།  ཁོས་ཉེས་འཛུགས་དེ་དག་ཚང་མར་ངོས་ལེན་བྱས་མེད་པ་རེད་འདུག

སྤྱིའི་ཆ་ནས་ཁོ་ལ་ཉེས་འཛུགས་དེ་དག་ཚང་མ་༢༠༡༤ ལོར་བྱུང་ཡོད་འདུག་ཀྱང་། ཟླ་སྔོན་མའི་ནང་ཕྱོགས་འགལ་ཚོགས་པ་དང་། ལས་འགུལ་བ་ཚོས་ངོ་རྒོལ་མ་བྱས་ཀྱི་བར་དུ་ཉེན་རྟོག་པས་ཁ་མཆུ་དེ་བཙུགས་མེད་འདུག

འོན་ཀྱང་། ཁྲིམས་ཁང་ཞིག་གིས་གཟའ་འཁོར་གཉིས་རིང་ཁོ་ལ་ཁྲིམས་ལུགས་ཀྱི་ཐོག་ནས་བཀག་སྡོམ་བྱས་ཏེ། ཉེན་རྟོག་པར་འདྲི་རྩད་བྱེད་འཇུག་ཡོད་པ་དང་། དེ་རྗེས་འཛིན་བཟུང་བཀག་ཉར་བྱས་པ་ཞིག་ཡིན་འདུག

ཉེ་ཆར་ཨུ་ཏར་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་སྐབས་ཁོ་ལ་འོས་ཤོག་གི་རྒྱལ་ཁ་མ་ཐོབ་ནས་མངའ་སྡེའི་གྲོས་ཚོགས་ཀྱི་རྐུབ་སྟེགས་ཤོར་ཡོད་པ་མ་ཟད། བྷི་ཇི་པི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ནས། ཁོའི་ཆབ་སྲིད་ཚོགས་པ་ས་མ་ཇི་ཝ་དྷི་ཡང་ཕམ་ཉེས་ཆེན་པོ་བྱུང་ཡོད་འདུག

སྤྱིར་ཕྱི་ལོ་༢༠༡༢ ལོར་ལྡི་ལི་རུ་སྤྱི་སྤྱོད་རླངས་འཁོར་ཞིག་ནང་མཉམ་རུབ་ཀྱི་བཙན་གཡེམ་དོན་རྐྱེན་དང་འབྲེལ་ནས། སློབ་མ་ཞིག་ལ་དམར་གསོད་དོན་རྐྱེན་བྱུང་རྗེས་ནས་བཟུང་། འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད་ཀྱི་ཐོག་ལ་དཔྱད་ཞིབ་ཚད་མཐོ་རུ་བཏང་ནས་དེའི་ཐོག་ལས་ཀ་བྱས་དང་བྱེད་མུས་ཡིན་འདུག་རུང་། རྒྱ་གར་རྒྱལ་ཡོངས་སུ་བུད་མེད་དང་ཕྲུ་གུ་རྣམས་ལ་འཁྲིག་སྤྱོད་དང་འབྲེལ་བའི་གདུག་རྩུབ་ཅན་གྱི་གནས་ཚུལ་མུ་མཐུད་བྱུང་དང་འབྱུང་བཞིན་པ་རེད་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 349

Leave a Reply