རྒྱ་གར་གྱི་རང་འཁོར་གནམ་གྲུ་ཞིག་གིས་རྒྱ་ནག་ལ་བཙན་འཛུལ་བྱས་སོང་ཟེར།

རྒྱ་གར་གྱི་རང་འཁོར་གནམ་གྲུ་ཞིག་རྒྱ་ནག་ལ་དབང་བའི་བར་སྣང་གི་རྒྱ་ཁྱོན་ཐོག་བཙན་འཛུལ་བྱས་ཡོད་ཀྱང་། དེ་བརྡབ་སྐྱོན་ཤོར་ཡོད་པ་དང་། རྒྱ་གར་གྱི་འགུལ་བསྐྱོད་དེར་ངོ་རྒོལ་ཤུགས་དྲག་ཡོད་ཅེས་རྒྱ་ནག་གཞུང་གིས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལ་དབང་བའི་བར་སྣང་གི་རྒྱ་ཁྱོན་དུ་རྒྱ་གར་གྱི་གནམ་གྲུ་རང་འཁོར་ཐོག་འཕུར་མཁན་ཞིག་གིས་བཙན་འཛུལ་བྱས་ཀྱང་།དེ་བརྡབ་སྐྱོན་ཤོར་འདུག་ཅེས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བརྗོད་ཡོད་འདུག་ཅིང་། གནད་དོན་འདི་ནི་འབྲོག་ལམ་གྱི་དཀའ་རྙོག་དང་འབྲེལ་བའི་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་ཏེ་ཟླ་ཤས་ཀྱི་རྗེས་སུ་བྱུང་བ་ཆགས་ཀྱི་ཡོད་འདུག

དོན་དག་འདི་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གི་ནུབ་ཕྱོགས་ཀྱི་དམག་སྡེའི་འགན་འཛིན་གཞོན་པ་ཀྲང་ཧྲུ་ལིས་“རྒྱ་གར་གྱི་འགུལ་བསྐྱོད་དེས་རྒྱ་ནག་གི་མངའ་དབང་གདལ་བཤིག་བཏང་བ་རེད། ང་ཚོས་དེ་ལ་འདོད་པ་མ་ཁེངས་པའི་རྣམ་འགྱུར་དང་། ངོ་རྒོལ་ཤུགས་དྲག་ཡོད་”ཅེས་རྒྱ་ནག་ཤིན་ཧཱ་གསར་ཁང་ཐོག་སྤེལ་འདུག་ཀྱང་། ཁོང་གིས་གནད་དོན་དེ་དུས་ཚོད་ནམ་ཞིག་ལ་ས་གནས་གང་དུ་བྱུང་མིན་གྱི་གནས་ཚུལ་ཁ་གསལ་བརྗོད་མེད་འདུག དེ་བཞིན་ཁོང་གིས་ས་མཚམས་ལ་ཡོད་པའི་རྒྱ་ནག་གི་དམག་མིས་ཕྱོགས་སུ་མ་ལྷུང་བར་འགན་འཁུར་ཆེན་པོའི་ཁར་གནམ་གྲུ་དེ་གང་ནས་ཡིན་མིན་ཆེད་ལས་རང་བཞིན་གྱི་ཐོག་ནས་བརྟག་དཔྱད་ཚད་ལྡན་བྱས་ཡོད་སྐོར་བཅས་བརྗོད་ཡོད་འདུག

འབྲོག་ལམ་གྱི་བདག་དབང་ཐོག་རྒྱ་ནག་དང་འབྲུག་པ་གཉིས་བར་རྩོད་རྙོག་བྱུང་དུས། འབྲུག་པའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ཁུལ་དེར་ཕན་ཚུན་དམག་དཔུང་གི་གཡུལ་བཤམ་རེས་བྱས་ནས་ལོ་ངོ་བཅུ་ཕྲག་མང་པོའི་རིང་གི་ཕྱོགས་གཉིས་བར་གྱི་ཛ་དྲག་ཆེ་ཤོས་ཀྱི་རྩོད་རྙོག་གྱུར་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་༨ པའི་ནང་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||