རྒྱ་གར་གྱིས་རྒྱ་ནག་ནས་ཤིང་ཏོག་ནང་འདྲེན་གནས་སྐབས་རིང་མཚམས་འཇོག

རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཤིང་ཏོག་ཁག་ཅིག་དང་མེ་ཏོག་གི་སོན་ཞིག་ལ། བརྟག་དཔྱད་ཁྲོད་གནོད་འབུ་ཡོད་པ་ར་སྤྲོད་བྱུང་བས་ནང་འདྲེན་བྱ་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱིས་རྒྱ་ནག་ནས་ཀུ་ཤུ་དང་ལི། དེ་བཞིན་སེར་ཆེན་མེ་ཏོག་གི་སོན་ནང་འདྲེན་བྱ་རྒྱུ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་འདུག གནད་དོན་དེ་དང་འབྲེལ་ཡོད་ལས་བྱེད་ཅིག་གིས། ཤིང་ཏོག་དང་སོན་དེ་དག་ནང་བཀག་འགོག་བྱས་པའི་གནོད་འབུ་ཡོད་པ་ཐེངས་མང་པོ་ར་སྤྲོད་བྱུང་ནས། དེ་དག་ནང་འདྲེན་བྱ་རྒྱུ་གནས་སྐབས་རིང་མཚམས་འཇོག་བྱས་སྐོར་བརྗོད་ཡོད་འདུག

རྒྱ་གར་གྱིས་རྒྱ་ནག་ནས་ཤིང་ཏོག་ནང་འདྲེན་བྱེད་པའི་ཁྲོད། བརྒྱ་ཆ་༩༠ དེ་ཀུ་ཤུ་དང་ལི་གཉིས་ཡིན་འདུག་པ་དང་། འདི་ལོའི་ཟླ་༢ པའི་སྔོན་གྱི་ཟླ་༡༡ རིང་རྒྱ་གར་གྱིས་རྒྱ་ནག་ནས། ཤིང་ཏོག་གཉིས་ཀྱི་རིན་གོང་ཨ་སྒོར་ས་ཡ་༡༣༢ ཡིན་འདུག

རྒྱ་གར་གྱིས་ཐེངས་མང་པོར་རྒྱ་ནག་ལ། ཤིང་ཏོག་དང་སོན་རིགས་ནང་འདྲེན་བྱེད་སྐབས་དགོས་མཁོའི་ཆ་རྐྱེན་ཚང་གི་མེད་སྐོར་བརྗོད་ཡོད་འདུག་ཀྱང་། གནས་སྟངས་དེར་ཡར་རྒྱས་ཀྱི་རྣམ་པ་མེད་པས། རྒྱ་གར་གྱིས་ནང་འདྲེན་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུ་ཐག་གཅོད་བྱས་པ་ཡིན་འདུག

དེ་བཞིན་རྒྱ་གར་གྱིས་རྒྱ་ནག་ནས་འོ་མ་དང་འོ་མའི་ཐོན་རྫས་རིགས་མང་པོ་ཞིག་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 381

Leave a Reply