རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས་དབུས་གཞུང་གི་བཀའ་རྒྱ་བཀག་སྡོམ།

རྒྱ་གར་གྱི་ཆེས་མཐོོའི་ཁྲིམས་ཁང་གིས་དེ་སྔོན་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་དུ་བ་གླང་གསོད་ཆེད་དུ་ཉོ་ཚོང་བྱེད་མི་ཆོག་པའི་བཀའ་རྒྱ་དེ་གནས་སྐབས་རིང་བཀག་སྡོམ་བྱས་ཡོད་འདུག
ཟླ་༧ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཟླ་༥ པའི་ནང་རྒྱ་གར་དབུས་གཞུང་གིས། ཞིང་པ་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་ཡོད་མཁན་ཚོས། བ་གླང་དང་མ་ཧེ་སོགས་ཞིང་ལས་ཐོན་སྐྱེད་ཀྱི་ཆེད་དུ་ཉོ་ཚོང་བྱེད་ཆོག་པ་ལས། བ་གླང་གསོད་ཆེད་དུ་དུད་འགྲོའི་ཁྲོམ་རར་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་གར་ནང་བ་གླང་གི་ཤ་ལོངས་སུ་སྤྱོད་མཁན་ཁ་ཆེ་ཆོས་ལུགས་པ་དང་ཧིན་རྡུ་རིགས་དམན་པ་རྣམས་དང་། བ་གླང་གི་ཤའི་ཚོང་ལས་སྡེ་ཚན་ལ་དོ་ཕོག་ཆེན་པོ་ཕྱིན་ཡོད་པ་མ་ཟད། ལྟ་བ་མཁྲེགས་འཛིན་གྱི་བ་གླང་སྲུང་སྐྱོབ་ཚོགས་མི་ཚོས་བ་གླང་གསོད་པའམ་ཉོ་ཚོང་གི་ཉེས་འཛུགས་འོག་མི་གཞན་ལ་རུབ་རྡུང་དང་བསད་པའི་གནས་ཚུལ་མང་དུ་ཕྱིན་ཡོད་པ་རེད།

ཟླ་༧ པའི་ཚེས་༡༡ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས། དབུས་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་དེས་མི་མང་གི་འཚོ་བ་ལ་ཤུགས་རྐྱེན་སྤྲོད་མི་རུང་སྐོར་བརྗོད་ནས། ཁྲིམས་དེ་གནས་སྐབས་རིང་བཀག་སྡོམ་བྱེད་རྒྱུ་ཐག་གཅོད་བྱས་ཡོད་འདུག རྒྱ་གར་དེ་འཛམ་གླིང་ནང་གླང་ཤ་ཕྱིར་འདྲེན་བྱེད་མཁན་ཆེ་ཤོས་གྲས་སུ་ཡོད་པ་དང་། དེའི་རིན་གོང་ཨ་སྒོར་ཐེར་འབུམ་༤ ཡིན་འདུག་པ་དང། མི་མང་ས་ཡ་མང་པོས་ཚོང་ལས་དེར་ལས་ཀ་བྱེད་ཀྱི་ཡོད་འདུག
ཕྱི་ལོ་༢༠༡༠ ལོ་ནས་ད་བར་བ་གླང་དང་འབྲེལ་བའི་དྲག་སྤྱོད་ཀྱི་གནད་དོན་འོག མི་གྲངས་༢༨ བསད་ཡོད་འདུག བྱ་སྤྱོད་དེའི་རིགས་རྒྱ་གར་གྱི་སྲིད་བློན་མི་དྷི་ཡིས་སྣང་མེད་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། ཟླ་༦ པའི་ནང་རྒྱ་གར་རྒྱལ་ཡོངས་དང་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཁག་མང་པོ་ཞིག་ནང་། ཧིན་རྡུ་ཆོས་ལུགས་པའི་མིང་བེད་སྤྱད་ནས་བ་གླང་སྲུང་སྐྱོབ་ཚོགས་མི་ཚོས་མི་གསོད་ཀྱི་ཡོད་པ་དེར་ངོ་རྒོལ་ཁྱབ་ཆེན་པོ་བྱས་ཡོད་པ་རེད། ཟླ་༦ པའི་ཚེས་༢༩ ཉིན་སྲིད་བློན་མི་དྷི་ཡིས་མི་མང་འདུས་ཚོགས་ཤིག་གི་ཐོག བ་གླང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་བྱེད་པ་ནི་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་དང་། བྱ་སྤྱོད་དེ་རིགས་ནི་རྒྱ་གར་གྱི་ཡབ་ཆེན་བདག་ཉིད་ཆེན་པོ་གྷན་དྷིའི་ལྟ་གྲུབ་དང་མཐུན་གྱི་མེད་སྐོར་བརྗོད་ནས་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་གར་ནང་དུ་བ་གླང་ནམ་ཡང་གསོད་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་པའི་མངའ་སྡེ་མང་པོ་ཡོད་པའི་ཁུངས་ནས། བོད་མི་གནས་སྡོད་ཀྱི་མངའ་སྡེ་ཁག་ནི་ཧི་མ་ཅཱལ་དང་། ཨུ་ཏར་ཁན། མ་ཧ་ར་ཤེ་ཀྲེ་ར་སོགས་ཡིན་འདུག་པ་དང་། མངའ་སྡེ་ཁག་ཅིག་ནང་ཡིག་ཆ་ཡོད་ན་བ་གླང་གསོད་ཆོག་གི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook20Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 366

Leave a Reply