རྒྱ་གར་དང་བོད་ཀྱི་བར་ལས་རྒྱ་དཀར་ནག་བར་ས་མཚམས་ཤིག་མེད།

༡༩༥༩ ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་མ་ཟད། ད་ལྟ་ས་ཨ་རུ་ན་ཅལ་ལ་ཡང་ས་ཁོངས་རྒྱ་བསྐྱེད་བྱེད་བསམ་གྱི་ཡོད་པས། དེ་ནི་མངའ་སྡེའི་མི་མང་དང་བྷི་ཇི་པི་གཞུང་གཉིས་ཀྱིས་ཁས་ལེན་གཏན་ནས་བྱ་མི་ཐུབ་པ་ཞིག་རེད་ཅེས་སྐུ་ཞབས་ཏ་པིར་གྷོ་ཡིས་བརྗོད་ཡོད་འདུག

དེ་ཡང་ཕྱི་ཟླ་༤ པའི་ཕྱི་ཚེས་༣༠ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༩ ཉིན་ཨ་རུ་ན་ཅལ་མངའ་སྡེའི་བྷི་ཇི་པིའི་ཚོགས་སྡེ་ཞིག་གི་གོ་སྒྲིག་འོག ཉེ་ཆར་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་དེ། བོད་ལྷོ་ཕྱོགས་ཀྱི་ས་ཆ་ཞིག་ཡིན་པར་བཤད་ནས་ཁུལ་དེའི་ས་གནས་༦ གི་མིང་གི་དག་ཆ་གསར་དུ་གཏན་འབེབས་བྱས་ཡོད་པར་མི་མང་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེའི་སྐབས་བྷི་ཇི་པིའི་ཚོགས་སྡེ་དེའི་ཚོགས་གཙོ་ཏ་པིར་གྷོ་ཡིས་འགོ་ཁྲིད་ནས་བྷི་ཇི་པིའི་ཚོགས་མི་བརྒྱ་ཕྲག་མང་པོས་རྒྱ་ནག་ལ་ངོ་རྒོལ་གྱི་འཕྲེད་དར་ཁྱེར་ཏེ། ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག

སྐབས་དེར་ཚོགས་གཙོ་ཏ་པིར་གྷོས་རྒྱ་གར་དང་བོད་གཉིས་ལ་ས་མཚམས་ཡོད་པ་ལས་རྒྱ་ནག་དང་ས་མཚམས་ཤིག་མེད། རྒྱ་ནག་གི་རྩོད་ལེན་དེ་ནི་གཞི་མེད་ཡིན་པ་དང་། དེ་བཞིན་ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བཙན་དབང་གི་ཐོག་ནས་བོད་ས་བཟུང་རྗེས་ད་ལྟ་ཨ་རུ་ན་ཅལ་ལ་ཡང་ས་ཁོངས་རྒྱ་བསྐྱེད་བྱེད་བསམ་གྱི་ཡོད་པས། དེ་ནི་མངའ་སྡེའི་མི་མང་དང་བྷི་ཇི་པི་ཚོགས་པ་གཉིས་ཀྱིས་ཁས་ལེན་གཏན་ནས་བྱ་མི་ཐུབ་པ་ཞིག་ཡིན་སྐོར་དང་། དེ་བཞིན་ཨ་རུ་ན་ཅལ་གྱི་ས་ཆ་ཁག་ཅིག་གི་མིང་གི་དག་ཆ་གསར་དུ་གཏན་འབེབས་བྱས་པ་དེ་ནི་གཞི་མེད་ཅིག་ཡིན་པ། གཞན་ཡང་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ཞིག་ཡིན་སྟབས་ཁོ་རང་ཚོའི་ཐོབ་ཐང་རྩོད་ལེན་ནི་དོན་སྙིང་མེད་པ་ཞིག་ཡིན་སྐོར་བཅས་བརྗོད་ཡོད་འདུག

ཉེ་ཆར་༧གོང་ས་མཆོག་ཨ་རུ་ན་ཅལ་དུ་ཆིབས་སྒྱུར་བསྐྱངས་རྗེས་རྒྱ་ནག་གིས་མངོན་གསལ་དོད་པོར་དེར་འཁོན་ལན་དུ་མངའ་སྡེ་དེའི་ནང་གི་ས་ཁུལ་༦ ལ་མིང་གི་དག་ཆ་གསར་དུ་གཏན་འབེབས་བྱས་ཡོད་པ་དང་། མཁས་དབང་ཚོས་དེ་ནི་ཨ་རུ་ན་ཅལ་ས་ཁུལ་དེར་རྒྱ་ནག་གི་བདག་དབང་ཡོད་པ་བསྐྱར་དུ་ནན་བརྗོད་བྱེད་ཆེད་ཡིན་སྐོར་གླེང་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 113

Leave a Reply