རྒྱ་གར་ནང་བ་གླང་གི་ཆབ་སྲིད་དང་བོད་མི་ཚོས་གཟབ་ནན་བྱེད་དགོས་པའི་ཉེན་ཁ།

སྐལ་བཟང་དོན་གྲུབ།

སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ནང་ཆོས་ལུགས་དེ་ཆབ་སྲིད་ཀྱི་དགོས་མཁོ་ལ་བེད་སྤྱད་ནས་རྩོད་རྙོག་ཆེན་པོ་བཟོ་ཡི་ཡོད་པ་མངོན་གསལ་དོད་པོ་ཡིན་ཡང་། གནས་ལུགས་རྒྱུ་མཚན་དང་བསམ་བློ་གུ་ཡངས་གཏོང་མི་ཐུབ་མཁན་གྱི་མང་ཚོགས་ཀྱི་བརྒྱ་ཆ་དེ་མང་དྲགས་རྐྱེན། རང་གི་ཆོས་ལུགས་ལ་སྲུང་སྐྱོབ་དང་དེ་ལ་བརྩི་བཀུར་མི་བྱེད་མཁན་ཚོར་རྒོལ་ལན་སློག་པའི་གནས་ཚུལ་ནི་ཉིན་རེའི་བྱུང་བ་ཞིག་རེད།

འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་གྲགས་པའི་རྒྱ་གར་ནང་དུ་མི་མང་གི་བརྒྱ་ཆ་མང་ཤོས་ནི་ཧིན་རྡུ་ཆོས་ལུགས་ཁོངས་སུ་ཚུད་ཀྱི་ཡོད་པ་དང་། ལོ་ཤས་སྔོན་ནས་ཧིན་རྡུ་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་རིང་ལུགས་པའི་སྟོབས་ཤུགས་རྒྱས་བཞིན་པའི་སེམས་འཚབ་དེ་རྒྱ་གར་ནང་གི་གུ་ཡངས་བསམ་བློ་བ་རྣམས་གཅིག་པུ་མིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ནང་ནས་ཀྱང་འགྱུར་འགྲོས་དེར་སེམས་འཚབ་དང་སྐྱོན་བརྗོད། དཔྱད་ཞིབ་སོགས་བྱེད་མཁན་མི་ཉུང་བ་ཞིག་རེད། དེང་གི་ཆར་རྒྱ་གར་གྱི་ཆབ་སྲིད་ཀྱི་སྡིངས་ཆའི་ནང་ཧིན་རྡུ་རྒྱལ་ཞེན་རིང་ལུགས་ཀྱི་སྟོབས་ཤུགས་རྒྱས་བཞིན་པའི་དུས་དང་བསྟུན་ནས། ཧིན་རྡུ་ཆོས་ལུགས་ནང་དུ་རྩ་ཆེན་བརྩི་སྲོལ་ཡོད་པའི་བ་གླང་སྲུང་སྐྱོབ་ཀྱི་ལས་འགུལ་ཚ་ཚ་འུར་འུར་དུ་འགྲོ་བཞིན་པ་རེད། མངའ་སྡེ་ཁག་ཅིག་ནང་བ་གླང་གསོད་མི་ཆོག་པ་དང་ཤ་ཡང་ཟ་མི་ཆོག་པའི་ཁྲིམས་གཏན་འབེབས་ཐོག ཤ་དེའི་རིགས་རྒྱུན་དུ་ཟ་མཁན་དང་འཚོང་མཁན་ཁ་ཆེ་བ་རྣམས་ཀྱི་ཤ་ཁང་དང་ནང་སོགས་སུ་གློ་བུར་དུ་བསྔོགས་བཤེར་བྱེད་མཁན་གྱི་དྭང་བླངས་བ་གླང་སྲུང་སྐྱོབ་ཚོགས་པ་ཡང་མང་པོ་ཐོན་བཞིན་ཡོད་པ་རེད།

ཕྱི་ལོ་༢༠༡༥ ལོ་ནས་ད་བར་བ་གླང་གི་གནད་དོན་དང་འབྲེལ་ནས་ཤེས་རྟོག་བྱུང་བར་མི་༦ ལ་མི་མང་གིས་བ་གླང་གི་ཤ་ཟོས་པའམ་བ་གླང་ཚོང་འབྲེལ་བྱེད་པའི་ཉེས་འཛུགས་འོག་རུབ་གསོད་བྱས་ཡོད་པ་རེད། དེ་བཞིན་བརྒྱུད་ལམ་ཁག་ཏུ་མ་ཐོན་པའི་རུབ་རྡུང་དང་རུབ་གསོད་ཀྱི་གནས་ཚུལ་མང་པོ་ཡོད་པ་ངེས་གཏན་རེད།

རྒྱ་གར་ནང་གི་ཆབ་སྲིད་པ་མང་པོ་ཞིག་གིས་རང་ཉིད་ཀྱི་དབང་ཆ་སྲ་བརྟན་ཡོང་ཆེད། ལུང་པའི་ནང་མི་མང་མོས་ཡིན་པའི་ཧིན་རྡུ་ཆོས་ལུགས་ཀྱི་སེམས་ཚོར་དེ་བེད་སྤྱད་ནས། བ་གླང་སྲུང་སྐྱོབ་ཀྱི་ཁྲིམས་དང་ལས་འགུལ་སྤེལ་གྱི་ཡོད་པ་རེད། དེ་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་གར་ནང་གི་གུ་ཡངས་བསམ་བློ་འཛིན་མཁན་ཤེས་ཡོན་པ་མང་པོ་ཡོད་པ་རེད་དེ། ཁོང་རྣམས་ཀྱང་ཆབ་སྲིད་ཀྱི་རྩེད་མོའི་གནོད་འཚེ་ཕོག་ཡུལ་དུ་འགྱུར་བའི་ཉེན་ཁ་ཡོད་པ་སྨོས་མེད་རེད། བ་གླང་གི་ཆབ་སྲིད་ལ་བརྟེན་ནས་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ནང་ཧིན་རྡུ་དང་ཁ་ཆེ་ཆོས་ལུགས་རྗེས་འབྲང་བའི་བར་ཞི་བདེ་ལྷིང་འཇགས་དང་མཛའ་མཐུན་མེད་པ་ཆགས་ཀྱི་ཡོད་པ་རེད་ལ། མ་འོངས་པར་ཕྱོགས་གཉིས་ཀྱི་བར་ལ་དྲག་པོའི་འཐབ་རྩོད་འབྱུང་སྲིད་པའང་རེད།

དེ་ན་ངས་བོད་མི་ཚོ་ལ་རྒྱ་གར་ནང་གི་བ་གླང་གི་ཆབ་སྲིད་ལ་གཟབ་ནན་དགོས་པའི་སྐུལ་མ་བྱེད་དོན་ནི། བཙན་བྱོལ་བོད་མིའི་མི་འབོར་ཕལ་ཆེ་བ་རྒྱ་གར་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། གནས་ཡུལ་གྱི་མངའ་སྡེ་མང་པོ་ཞིག་ནང་ཧིན་རྡུ་ཡི་མི་འབོར་ཆེན་པོ་རེད། དེ་བཞིན་བཙན་བྱོལ་བོད་མིའི་ལྟེ་གནས་ཧི་མ་ཅཱལ་མངའ་སྡེ་ལྟ་བུར་མཚོན་ན་བརྒྱ་ཆ་༩༠ ལས་མང་བ་ཧིན་རྡུ་ཡིན་པ་དང་། བ་གླང་གི་ཤ་ཟ་ཆོག་གི་མེད་པ་རེད་དེ། བོད་མི་རྣམས་ཤ་ལ་དགའ་པོ་ཡོད་པས་བ་གླང་གི་ཤ་སྤྱོད་མཁན་ཡང་མང་པོ་ཡོད་སྲིད་པ་རེད། གལ་ཏེ་རང་ཉིད་གནས་ཡུལ་གྱི་མངའ་སྡེའི་ནང་བ་གླང་གི་ཆབ་སྲིད་ཀྱི་ཚ་རླབས་ཁྱབ་མེད་ཚེ། གནོད་སྐྱོན་དེ་ཙམ་མེད་པ་རེད་དེ། ཧི་མ་ཅཱལ་ལྟ་བུ་མངའ་སྡེའི་ནང་གནས་མཁན་བོད་མི་ཚོས་ངེས་པར་དུ་གཟབ་ནན་དགོས་གལ་ཆེ་བར་མཐོང་། དེ་བཞིན་རྒྱ་ནག་གི་གསང་མྱུལ་ལམ་རྒྱ་གར་གྱི་ཆབ་སྲིད་པའི་གསང་བའི་ལས་མི་སོགས་ཀྱིས། རྒྱ་གར་ཡུལ་མི་དང་བོད་མི་བར་རྩོད་རྙོག་སློང་ཆེད། བ་གླང་གི་ཤ་དེ་བེད་སྤྱོད་བྱེད་སྲིད་པས། བོད་མི་ཚོས་ངེས་པར་དུ་དེ་རིགས་ལ་གཟབ་ནན་དགོས། གལ་ཏེ་བོད་མི་ཞིག་གིས་བ་གླང་གི་ཤ་ཟོས་ནས་ཧིན་རྡུ་ཆོས་ལུགས་ལྟ་བ་མཁྲེགས་འཛིན་གྱི་ཚོགས་མིས་རུབ་གསོད་བྱས་པའི་གནས་ཚུལ་བྱུང་ཚེ། བོད་མི་སྒེར་དེའི་རྩ་ཆེའི་ཚེ་སྲོག་ཤོར་བ་ཕངས་པོ་ཡིན་པའི་ཐོག གནས་ཚུལ་དེས་བོད་མི་རྣམས་ལ་རྒྱ་གར་གྱི་ཡུལ་མིའི་འཁོན་འཛིན་བཅངས་ནས་དེ་སྔོན་དགུ་བཅུ་གོ་གྲངས་ནང་དྷ་ས་དང་མ་ན་ལི་སོགས་ཀྱི་གནས་ཚུལ་དེ་རིགས་འབྱུང་སྲིད་པ་རེད། གལ་ཏེ་གནས་ཚུལ་དེ་རིགས་ལྷག་ཚེ། ཆོས་ལུགས་དང་འབྲེལ་བ་ཡོད་པས་བོད་མིའི་དཔལ་འབྱོར་གྱི་གཞི་རྟེན་ཚོང་ཁང་དང་སྡོད་གནས་ཁང་། སྒྲིག་འཛུགས་ཀྱི་ལས་ཁང་ལ་གཏོར་སྐྱོན་ཆེན་པོ་ཡོང་རྒྱུ་ཨ་ཅང་ཅང་། བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ལྷག་སྲིད་པ་རེད། གཅིག་བྱས་ནས་ངས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་པ་ཡིན་སྲིད་ཀྱང་། ད་ལྟའི་རྒྱ་གར་ནང་གི་ཆབ་སྲིད་ཀྱི་འགྲོས་དང་ཉིན་རེའི་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་དཔྱད་ན། བ་གླང་གི་ཆབ་སྲིད་ཀྱི་ཉེན་ཁ་དེ་བོད་མིའི་སྤྱི་ཚོགས་ལ་དཀའ་ངལ་སྤྲད་སྲིད་པ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ནས་གནད་དོན་དེར་གྲོས་བསྡུར་ལྷུག་པོ་གནང་ནས། ས་གནས་ཁག་གི་ས་གནས་འགོ་འཛིན་དང་མི་མང་ལ་བཀའ་སློབ་ལམ་སྟོན་གནང་རྒྱུ་དེ་ཛ་དྲག་གི་དོན་ཆེན་ཞིག་ཏུ་མཐོང་། དེ་བཞིན་བདེ་སྲུང་ལས་ཁང་ནས་ཀྱང་བ་གླང་གི་ཆབ་སྲིད་དེ་ལ་བརྟེན་ནས་ཀུན་སློང་འདྲ་མིན་ཐོག རྒྱ་གར་ཡུལ་མི་དང་བོད་མི་བར་རྩོད་རྙོག་བཟོ་ཐབས་བྱེད་མཁན་ཡོད་མེད་ལ་བྱ་ར་བྱེད་དགོས་པ་གལ་ཆེར་སེམས་པ་དང་མཚུངས། བོད་མི་རྣམས་ཀྱིས་ཀྱང་གཟབ་ནན་བྱེད་པའི་སྐུལ་མ་བྱེད་ཀྱི་ཡོད།།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1062

Leave a Reply