རྒྱ་གར་ནང་བུ་མོ་ལོ་༡༠ ཡིན་པ་ཞིག་ལ་བཙན་གཡེམ་བྱས་ནས་ཕྲུ་གུ་སྐྱེས་ཡོད་འདུག

རྒྱ་གར་ནང་བུ་མོ་ལོ་ན་༡༠ ལས་མ་སོན་པའི་བྱིས་པ་ཞིག་ལ་མོ་རང་གི་ཉེ་རིགས་ཤིག་གིས་བཙན་གཡེམ་བྱས་ནས་ཕྲུ་གུ་བུ་མོ་ཞིག་སྐྱེས་ཡོད་འདུག

སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་རྒྱ་གར་ནང་བུ་མོ་ལོ་ན་༡༠ ལས་མ་སོན་པ། དེ་སྔོན་བཙན་གཡེམ་ཐེབས་པ་ཞིག་ལ་ཅན་དྷི་སྒར་སྨན་ཁང་དུ་བཤའ་བཅོས་བྱས་ནས་ཕྲུ་གུ་བུ་མོ་ཀི་ལོ་༢.༥ ཡོད་པ་ཞིག་བདུན་ཕྲག་༣༥ པའི་ཐོག་སྟེ། དུས་ཚོད་ཏག་ཏག་མ་ཟིན་གོང་སྐྱེས་ཡོད་འདུག་ཅིང་།  ཕྲུ་གུ་མ་སྨད་གཉིས་ཀ་ད་ལྟ་བདེ་ཐང་ཡིན་འདུག་ཀྱང་། ད་ལྟ་གསར་སྐྱེས་ཕྲུ་གུའི་དམིགས་བསལ་ལྟ་རྟོག་འོག་ཡོད་པ་མ་ཟད། ཉིན་བཅུ་གྲངས་རིང་དེ་ལ་སྡོད་དགོས་ཀྱི་ཡོད་པ་རེད་འདུག

བཙན་གཡེམ་བྱེད་མཁན་ནི་མོ་རང་གི་ཉེ་རིགས་(ཨ་ཁུའམ་ཨ་ཞང་)ཞིག་ཡིན་པའི་དོགས་ཟོན་བྱེད་ཀྱི་ཡོད་འདུག་ཅིང་། ཁོང་ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་འདུག ཁོས་དེ་སྔོན་འདས་པའི་ཟླ་ངོ་བདུན་གྱི་རིང་ལ་ལོ་ན་གཞོན་པའི་བུ་མོ་དེར་བཙན་གཡེམ་བྱས་ཡོད་པའི་དོགས་པ་བྱེད་བཞིན་ཡོད་འདུག

བུ་མོ་དེའི་ཕ་མ་གཉིས་ལ་ལོ་ན་༡༠ ལས་མ་སོན་པའི་སོ་སོའི་བུ་མོར་ཕྲུ་གུ་སྐྱེ་འཇུག་རྒྱུའི་འདོད་པ་མེད་པ་མ་ཟད། ཕྲུ་གུ་མར་འབྱར་བུ་མོ་དེ་དགོས་ཀྱི་མེད་པ་བརྗོད་ཡོད་སྟབས་ད་ལྟ་བྱིས་པའི་བདེ་རྩ་ཁང་ཞིག་གི་ལྟ་རྟོག་འོག་ཡོད་པ་རེད་འདུག

དང་ཐོག་བུ་མོ་ལོ་ན་༡༠ ལས་མ་སོན་པ་དེ་ལས་ལྟོ་བ་ལྡིར་བ་སོགས་མངལ་ཆགས་པའི་མཚན་མ་རྣམས་མངོན་གསལ་དོད་པོ་གྱུར་སྐབས། ལོ་ན་ཆུང་བའི་བུ་མོ་མོ་རང་གིས་མངལ་ཆགས་ཡོད་པ་ཤེས་ཀྱི་མེད་ཅིང་། ཕྱི་ཟླ་༦ པའི་ཟླ་དཀྱིལ་དུ་བུ་མོ་དེས་གྲོད་ཁོག་ནང་ཟུག་རྒྱག་གི་ཡོད་པའི་གནས་ཚུལ་ཕ་མ་གཉིས་ལ་བརྗོད་ནས། སྨན་ཁང་དུ་ཁྲིད་རྗེས་མངལ་ཆགས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག སྐབས་དེར་མངལ་ཆགས་ནས་བདུན་ཕྲག་༢༠ ལྷག་སྔོན་ཚུད་ནས་སོང་ཟིན་ཡོད་ཁར། སྨན་པའི་ལྷན་ཚོགས་ཀྱིས་བགྲོ་གླེང་བྱས་ཏེ་མངལ་ཤོར་བཅུག་ན་ཉེན་ཚབས་ཆེན་པོ་ཡོད་པ་བརྗོད་རྗེས། ས་གནས་ཁྲིམས་ཁང་དང་ཆེས་མཐོའི་ཁྲིམས་ཁང་གཉིས་ཀྱིས་མངལ་ཤོར་འཇུག་རྒྱུའི་བཀའ་འཁྲོལ་གནང་མེད་འདུག

རྒྱ་གར་གྱི་ཁྲིམས་ལུགས་ལྟར་ན་མངལ་ཆགས་ནས་བདུན་ཕྲག་༢༠ ལྷག་སོང་ཚར་རྗེས། སྨན་པས་ཕྲུ་གུ་སྐྱེ་འཇུག་ཚེ་ཨ་མའི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ཁུངས་སྐྱེལ་བྱས་ན་མ་གཏོགས་མངལ་འདོན་ཆོག་གི་མེད་པ་རེད། འོན་ཀྱང་། ཉེ་བའི་ལོ་ཤས་ཀྱི་རིང་ལ་མངལ་ཆགས་ནས་བདུན་ཕྲག་༢༠ ལྷག་སོང་ཚར་བ་ཁག་ཅིག་གིས་ཁྲིམས་ཁང་ལ་མངལ་འདོན་རྒྱུའི་སྙན་ཞུ་ཕུལ་ཡོད་འདུག་ཅིང་། དེ་དག་ལས་མང་པོ་ཞིག་ནི་ཕྲུ་གུ་བཙན་གཡེམ་ཤོར་བ་རྣམས་ཡིན་པ་རེད་ལ། ཁོང་ཚོས་མངལ་ཆགས་ནས་དུས་ཡུན་རིང་པོ་མ་སོང་གི་བར་དུ་རང་རང་ལ་མངལ་ཆགས་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

ལོ་ན་༡༠ ལས་མ་སོན་པའི་བུ་མོ་དེ་དང་འབྲེལ་བ་གནང་མཁན་གྱི་བྱིས་པའི་བདེ་རྩའི་ལས་འགུལ་བ་ཚོས། བུ་མོ་དེ་ནི་ཤིན་ཏུ་ནས་བྱིས་པ་བསམ་མེད་ཆུང་ཆུང་ཞིག་ཡིན་ཞིང་། མོས་མོ་རང་ལ་ག་རེ་བྱུང་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག་ཟེར་བརྗོད་ཡོད་འདུག

སྤྱིར་རྒྱ་གར་ནང་འཁྲིག་སྤྱོད་དང་འབྲེལ་བའི་ཚུལ་མིན་བྱ་སྤྱོད་ཐད་ཀྱི་གནས་སྟངས་ནི། དུས་ཡུན་སྐར་མ་༡༥༥ ནང་ཚུད་དུ་ལོ་ན་༡༦ འོག་གི་ཕྲུ་གུ་རེར་བཙན་གཡེམ་ཐེབས་ཀྱི་ཡོད་འདུག་པ་མ་ཟད།

རྒྱ་གར་ནང་གི་སྐྱེས་མ་ས་ཡ་༢༤༠ ཐམ་པ་ལོ་ན་༡༨ མ་ཟིན་གོང་ནས་ཆང་ས་བརྒྱབས་ཟིན་པ་རྐྱང་ཡིན་འདུག

རྒྱ་གར་གཞུང་གི་ཞིབ་འཇུག་ནང་འཛུལ་ཞུགས་བྱེད་མཁན་ཁྲོད་ཕྲུ་གུ་བརྒྱ་ཆ་༥༣.༢༢ ཀྱིིས་འཁྲིག་སྤྱོད་ཀྱི་མནར་གཅོད་མྱོང་གི་ཡོད་པའི་གནས་ཚུལ་བརྗོད་ཡོད་འདུག་ཅིང་།

མནར་གཅོད་གཏོང་མཁན་བརྒྱ་ཆ་༥༠ ཐམ་པ་ནི་སོ་སོས་ཡིད་ཆེས་བྱེད་སའི་མི་སྣ་དང་། བྱམས་སྐྱོང་བྱེད་མཁན་རྣམས་ཡིན་སྐོར་གྱི་གནས་ཚུལ་འདུག

ཕྱི་ལོ་༢༠༡༥ ལོར་ཕྲུ་གུ་༡༠,༠༠༠ ལྷག་ལ་བཙན་གཡེམ་ཐེབས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 509

Leave a Reply