རྒྱ་གར་ནང་མོག་མོག་བཀག་འགོག་མ་བྱས་བར་དུ་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།

རྒྱ་གར་བྱང་ཕྱོགས་རྗ་མུ་དང་ཀ་ཤེ་མེར་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་བྷེ་ཇེ་བྷེའི་ཆབ་སྲིད་ཚོགས་པའི་ཚོགས་མི་ར་མེ་ཤེ་ཨ་རོ་ར་ཡིས་འགོ་ཁྲིད་ནས། ཇ་མུ་གྱི་གྲོང་དཀྱིལ་དུ་མོག་མོག་བཀག་འགོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཞིག་སྤེལ་ཡོད་འདུག

ཟླ་༦ པའི་ཚེས་༣༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༦ པའི་ཚེས་༢༩ ཉིན་རྒྱ་གར་བྱང་ཕྱོགས་རྗ་མུ་དང་ཀ་ཤི་མིར་མངའ་སྡེའི་རྗ་མུ་གྲོང་དཀྱིལ་དུ། མངའ་སྡེའི་གྲོས་ཚོགས་འཐུས་མི་ར་མེ་ཤེ་ཨ་རོ་ར་ཡིས་འགོ་ཁྲིད་དེ། ལས་འགུལ་བ་༡༠༠ ལྷག་གིས། མོག་མོག་བཙོང་རྒྱུ་བཀག་འགོག་དགོས་པའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། སྐབས་དེར་ཁོང་ཚོས་མོག་མོག་ནི་མངོན་གསོལ་དོད་པོ་མེད་པའི་མི་གསོད་མཁན་ཞིག་ཡིན་སྐོར་སོགས་ཀྱི་འབོད་ཚིག་བཀོད་པའི་འཕྲེད་དར་དང་འདྲ་གཟུགས་སོགས་ཁྱེར་ཡོད་འདུག

མངའ་སྡེའི་གྲོས་ཚོགས་འཐུས་མི་ར་མེ་ཤེ་ཨ་རོ་ར་ཡིས། མོག་མོག་ནང་དུ་དྲོ་བ་ཆེ་རུ་གཏོང་ཆེད་བེད་སྤྱད་བཞིན་པའི་སྨན་སྣ་(Ajinomoto) སྟེ་རྒྱ་སྐད་དུ་ཝི་ཇིང་ཞེས་པ་དེ། འཕྲོད་བསྟེན་ལ་གནོད་སྐྱེལ་གྱི་ཡོད་མ་ཟད་འབྲས་ནད་བཟོ་ཡི་ཡོད་སྐོར་བརྗོད་ནས། རྒྱ་གར་མངའ་སྡེ་དང་དབུས་གཞུང་གཉིས་ཀྱིས། མོག་མོག་བཙོང་རྒྱུ་བཀག་སྡོམ་མ་བྱས་བར་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཁོང་གིས་མོག་མོག་དེས་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱི་ཁ་ལག་གི་རིག་གཞུང་ལ་ཤུགས་རྐྱེན་ངན་པ་སྤྲོད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

འདས་པའི་ཟླ་བ་༥ ཡི་ནང་མི་མང་ཁྲོད་དུ་གཏམ་བཤད་སྤེལ་ནས། མོག་མོག་བཀག་སྡོམ་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་འདུག་པ་དང་། ཁོང་གིས་མོག་མོག་བཀག་སྡོམ་དགོས་པའི་བརྗོད་གཞི་དང་འབྲེལ་ནས། བགྲོ་གླེང་ཚོགས་འདུ་ཞིག་ཀྱང་བསྐོངས་ཡོད་འདུག དེ་གར་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གི་ཚོགས་མི་རྒན་གྲས་དང་། སྨན་པ། ཤེས་ཡོན་པ། དེ་བཞིན་སྨན་དང་ཁ་ལག་སྟངས་འཛིན་ལས་ཁང་སོགས་ཀྱི་ལས་བྱེད་ཀྱང་མཉམ་ཞུགས་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 507

Leave a Reply