རྒྱ་གར་ནང་རྒྱ་ནག་གི་ཚོང་ཟོག་ལ་ངོ་རྒོལ།

རྒྱ་གར་གྱི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་ཁྲོམ་གཞུང་ཁག་ཏུ། རྒྱ་ནག་གི་ཚོང་ཟོག་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག་པ་དང་། དེས་རྒྱ་ནག་གི་ཚོང་ཟོག་ཁྲོམ་རར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད་འདུག

14627805_1276032485753951_1533666482_nཉེ་བའི་ཆར་རྒྱ་ནག་གིས་མཉམ་སྦྲེལ་རྒྱལ་ཚོགས་ནང་དུ་རྒྱ་གར་དེ་འཛམ་གླིང་རྡུལ་ཕྲན་མཚོན་ཆ་མཁོ་སྤྲོད་ཀྱི་ལྷན་ཚོགས་(NSG)ནང་། ཚོགས་མིར་ཞུགས་རྒྱུར་དགག་པ་བྱས་པ་ཡོད་པ་དང་། ཀ་ཤི་མིར་གྱི་དྲག་སྤྱོད་པའི་འགོ་ཁྲིད་ཅིག་ལ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་དྲག་སྤྱོད་པའི་ཐོ་གཞུང་ཁོངས་སུ་འགོད་པར། རྒྱ་ནག་གིས་དགག་པ་བྱས་ཡོད་པ་མ་ཟད། ཉེ་བའི་ཆར་ཡར་རླུང་གཙང་པོའི་ཆུ་ལག་ཅིག་བཀཀ་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། དེ་བཞིན་ཉེ་བའི་ཆར་རྒྱ་གར་ཀ་ཤི་མིར་གྱི་ཡཱུ་རི་ས་གནས་སུ། པ་ཀི་སི་ཐན་གྱི་དྲག་སྤྱོད་པས་དྲག་རྒོལ་བྱས་ཏེ། རྒྱ་གར་གྱི་དམག་མི་༡༨ ཀྱི་ཚེ་སྲོག་ཤོར་ཡོད་པས། རྒྱ་གར་དུ་པ་ཀི་སི་ཐན་ལ་འཁོན་འཛིན་གྱི་སེམས་ཚོར་ཆེ་རུ་འགྲོ་བཞིན་ཁར། རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པས། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར་རྒྱ་ནག་གི་ཚོང་ཟོག་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་འགྲོ་བཞིན་འདུག རྒྱ་གར་གྱི་ཆབ་སྲིད་པ་དང་སློབ་མའི་ཚོགས་པ་ཁག་ཅིག་གིས། ངོ་རྒོལ་གྱི་ཁྲོམ་སྐོར་ཡང་བྱས་འདུག

ཟླ་འདིའི་ཚེས་༦ ཉིན་རྒྱ་གར་བྱང་ཕྱོགས་དྷེ་ར་ལྡུན་ལ། རྒྱ་གར་ཨེ་བྷེ་ཝི་བྷི་སློབ་མའི་ཚོགས་པས་རྒྱ་ནག་གི་ཚོང་ཟོག་ལ་ངོ་རྒོལ་གྱི་ཁྲོམ་སྐོར་བྱས་ཡོད་འདུག ཁོ་ཚོས་རྒྱ་ནག་གི་ཚོང་ཟོག་ལ་ངོ་རྒོལ་བྱས་ན་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་ནས། པ་ཀི་སི་ཐན་ལ་རྒྱབ་སྐྱོར་ཡང་ཤུགས་ཆུང་དུ་འགྲོ་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་ནག་གི་ཞིང་ཁའི་ཐོན་སྐྱེད་རྫུན་མ་མང་པོ་ཞིག་གིས་འཕྲོད་བསྟེན་ལ་གནོད་པ་མ་ཟད། རྒྱ་ནག་གི་ཚོང་ཟོག་གོང་ཆུང་བ་ལ་བརྟེན་ནས། རྒྱ་གར་གྱི་ཡུལ་མི་བཟོ་པ་མང་པོ་ཞིག་གི་དཔལ་འབྱོར་ཉམས་རྒུད་འགྲོ་ཡི་ཡོད་པས། ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་གྱི་བརྒྱུད་ལམ་(INDIA TODAY)ཐོག་ཏུ། རྒྱ་གར་ནང་རྒྱ་ནག་གི་ཚོང་ཟོང་ཁྲོམ་ར་ཆེ་ཤོས་ཁག་དུ། ཚོང་ཟོག་གི་འགྲོ་རྒྱུག་བརྒྱ་ཆ་༡༠ ནས་༢༠ བར་ཆགས་ཡོད་པ་དང་། མི་མང་པོ་ཞིག་གིས་རྒྱ་གར་གྱི་དུས་ཆེན་དང་འབྲེལ་ནས། རྒྱ་གར་རང་ནས་བཟོས་པའི་ཚོང་ཟོག་ཉོ་རྒྱུར་འདོད་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 50

Leave a Reply