རྒྱ་གར་ནང་སླར་ཡང་ཕྲུ་གུ་༤༩ ཤི་འདུག

རྒྱ་གར་གྱི་མངའ་སྡེ་ཡུ་པི་ནང་དེ་སྔོན་ཟླ་༨ པའི་ནང་ཉིན་གྲངས་༡༢ ནང་ཚུད་དམར་འབྱར་ཚུད་པའི་ཕྲུ་གུ་༡༢༠ ལྷག་ཤི་ཡོད་པ་དང་། ཐེངས་འདིར་མངའ་སྡེ་དེ་གའི་སྨན་ཁང་གཞན་ཞིག་ནང་སླར་ཡང་ཕྲུ་གུ་༤༩ ཤི་ཡོད་པ་རེད་འདུག

ཟླ་༩ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།རྒྱ་གར་གྱི་མངའ་སྡེ་ཡུ་པིའི་གཞུང་གི་སྨན་ཁང་རཱམ་མ་ནོ་ཧར་ལི་ཧི་ནང་། ཟླ་བ་གཅིག་རིང་ཕྲུ་གུ་༤༩ ཤི་ཡོད་འདུག་པ་དང་། དེའི་ཁྲོད་ཉུང་མཐར་ཕྲུ་གུ་དམར་འབྱར་༣༠ ལ་སྲོག་རླུང་མཁོ་སྤྲོད་མ་ཐུབ་པའི་རྐྱེན་གྱིས་ཤི་ཡོད་པ་རེད་འདུག

དེ་སྔོན་ཟླ་༨ པའི་ནང་ཡུ་པི་མངའ་སྡེའི་གྷོ་རག་པུར་སྨན་ཁང་ནང་ཕྲུ་གུ་༡༦༠ ཤི་ཡོད་པ་དང་། དེའི་ནང་ཕྲུ་གུ་དམར་འབྱར་མང་པོ་ཞིག་བཙས་རྗེས་སྲོག་རླུང་མཁོ་སྤྲོད་མ་ཐུབ་པའི་རྐྱེན་གྱིས་ཤི་ཡོད་པར་བརྗོད་མཁན་ཕ་མ་གཙོས་པའི་བརྒྱུད་ལམ་ཁག་མང་པོ་ཞིག་བྱུང་འདུག་ཀྱང་། མངའ་སྡེའི་གཞུང་གི་མཐོ་རིམ་དཔོན་པོ་ཚོས་རྒྱུ་མཚན་དེར་ཁས་ལེན་བྱས་མེད་པ་རེད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གྷོ་རག་པུར་གྱི་སྨན་ཁང་གི་གནས་ཚུལ་དེ་ཡང་སྨན་ཁང་དེས་སྒེར་གྱི་སྲོག་རླུང་མཁོ་སྤྲོད་བྱེད་མཁན་ཞིག་ལ། དེ་སྔོན་སྲོག་རླུང་མཁོ་སྤྲོད་བྱས་པའི་རིན་གོང་དངུལ་ཧིན་སྒོར་ས་ཡ་༦ ལས་མང་བ་སྤྲད་མེད་པ་རེད་འདུག་པས། ཚོང་པ་དེས་སྲོག་རླུང་མཁོ་སྤྲོད་བྱ་རྒྱུ་མཚམས་བཞག་ཡོད་འདུག དེའི་རིང་ཕྲུ་གུ་དམར་འབྱར་མང་པོ་ཞིག་བཙས་རྗེས་སྲོག་རླུང་མཁོ་སྤྲོད་བྱེད་མ་ཐུབ་པར་ཤི་ཡོད་པ་རེད་འདུག

དེ་རྗེས་མངའ་སྡེ་དེ་གའི་གཞུང་གི་སྨན་ཁང་རཱམ་མ་ནོ་ཧར་ལི་ཧི་ནང་ཟླ་༧ པའི་ཚེས་༢༡ ནས་ཟླ་༨ པའི་ཚེས་༢༠ བར་ཕྲུ་གུ་༤༩ ཤི་ཡོད་པ་དང་། དེའི་ཁྲོད་ཕྲུ་གུ་དམར་འབྱར་༣༠ ལྷག་སྲོག་རླུང་མ་རག་པའི་རྐྱེན་གྱིས་ཤི་བའི་གནས་ཚུལ་ཐོན་རྗེས། ཟླ་༩ པའི་ཚེས་༤ ཉིན་ཉེན་རྟོག་པས་གནས་ཚུལ་དེའི་ཐད་རྟོག་ཞིབ་བྱེད་འགོ་བཙུགས་པ་ཡིན་འདུག་པ་དང་། ཉེན་རྟོག་པས་སྨན་ཁང་དེའི་ནང་ཕྲུ་གུ་དམར་འབྱར་བཙས་རྗེས། སྲོག་རླུང་མཁོ་སྤྲོད་མ་བྱས་པའི་གནས་ཚུལ་བྱུང་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 268

Leave a Reply