སྐྱེས་པ་ཞིག་བཙན་ཁྲིད་བྱས་ནས་མེ་མདའི་འཇིགས་སྐུལ་འོག་གཉེན་སྒྲིག་བྱས་བཅུག་ཡོད་འདུག

རྒྱ་གར་བྷི་ཧར་མངའ་སྡེའི་ནང་སྐྱེས་པ་ཞིག་བཙན་ཁྲིད་བྱས་ནས་མེ་མདའི་འཇིགས་སྐུལ་འོག་གཉེན་སྒྲིག་བྱས་བཅུག་ཡོད་འདུག་པ་དང་། གནས་ཚུལ་དེའི་སྐོར་གྱི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་རྒྱ་ཁྱབ་ཏུ་སོང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༦ ཉིན་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྷི་ཧར་མངའ་སྡེ་ནས་ཡིན་པའི་སྐྱེས་པ་ཝི་ནོ་ཌི་ཀུ་མར་(Vinod Kumar)ཞེས་པ་རང་ལོ་༢༩ ཡིན་པ། ཁོ་རང་གི་གྲོགས་པོ་ཞིག་གི་ཆང་སའི་དགའ་སྟོན་ལ་ཕྱིན་ཡོད་འདུག་ཀྱང་། དེ་ནས་མི་གཞན་གྱིས་ཁོ་པ་བཙན་ཁྲིད་བྱས་ཏེ། མེ་མདའི་འཇིགས་སྐུལ་འོག སྐྱེས་མ་ཞིག་དང་གཉེན་སྒྲིག་བྱས་བཅུག་ཡོད་འདུག

བྷི་ཧར་མངའ་སྡེའི་ཉེན་རྟོག་པས་གནས་ཚུལ་དེའི་ཐོག་བརྟག་དཔྱད་བྱེད་མུས་ཡིན་འདུག་ཅིང་། ཉེན་རྟོག་པ་རྒན་པ་མ་ནུ་མ་ཧཱ་ར་ཇི་ཞེས་པས་“ང་ཚོས་ད་ལྟ་ཝི་ནོ་ཌི་ཀུ་མར་གྱི་ནང་མིའི་ཞུ་གཏུགས་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། བརྟག་དཔྱད་ཚར་རྗེས་ང་ཚོས་ཁྲིམས་གཅོད་བྱེད་ཀྱི་ཡིན་”ཞེས་ཟླ་འདིའི་ཕྱི་ཚེས་༦ ཉིན་བརྗོད་ཡོད་འདུག་པ་དང་། ཀུ་མར་གྱི་ནང་མིས་ཉེན་རྟོག་པར་བཙན་ཁྲིད་བྱེད་མཁན་གྱི་ནང་མི་དེ་ངོ་ཤེས་ཀྱི་མེད་སྐོར་བརྗོད་ཡོད་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ཁྱབ་ཕྱིན་པའི་བརྙན་ཐུང་དེའི་ནང་། ཝི་ནོ་ཌི་ཀུ་མར་ངུ་བཞིན་ཡོད་པ་དང་། ཆང་སའི་རྟེན་འབྲེལ་གྱི་ཆེད་དུ་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་སྒྲུབ་ཕྱིར་ཀུ་མར་འབུད་རྒྱག་བཏང་ནས་འདེད་བཞིན་ཡོད་པ། དེ་བཞིན་མནའ་མའི་ནང་མི་ཡིན་པའི་བུད་མེད་ཅིག་གིས་ཀུ་མར་ལ་སེམས་གསོ་བྱས་ནས་གདོང་གི་མིག་ཆུ་འབྱི་བཞིན་ཡོད་པ། དེ་བཞིན་མི་གཞན་ཞིག་གིས་“ང་ཚོས་ཁྱེད་རང་གི་གཉེན་སྒྲིག་གི་བྱ་བ་ལ་རོལ་བཞིན་ཡོད་པ་ལས། ཁྱོད་རང་སྐེ་གནམ་ཐག་བྱས་ནས་རྐྱོང་གི་མེད་”ཅེས་བརྗོད་པ་སོགས་བརྙན་ཐུང་ནང་གསལ་གྱི་ཡོད་འདུག

ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡༢ པའི་ཚེས་༣ ཉིན་ཀུ་མར་ཁོ་རང་གི་གྲོགས་པོའི་ཆང་སའི་རྟེན་འབྲེལ་ལ་ཕྱིན་ནས། ཚུར་ལོག་རྒྱུ་མེད་དུས་ཁོང་གི་ཅོ་ཅོ་སན་ཇེ་ཀུ་མར་གྱིས་ཉེན་རྟོག་པར་ཞུ་གཏུགས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་འདུག་པ་དང་། དེ་རྗེས་ཆ་རྒྱུས་མེད་པའི་ཨང་གྲངས་གསར་པ་ཞིག་ནས་ཁ་པར་ཞིག་འབྱོར་ཏེ། ཀུ་མར་བཙན་ཁྲིད་བྱས་ནས་ཆང་ས་རྒྱག་བཅུག་ཡོད་པའི་གནས་ཚུལ་གོ་རྗེས། ཁོང་གིས་ཉེན་རྟོག་པར་ཞུས་ནས་གནས་ཚུལ་དེ་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ཆེ་ཁག་ཏུ་བཏང་ཡོད་འདུག

སྐྱེས་པ་བཙན་ཁྲིད་བྱས་ནས་གཉེན་སྒྲིག་བྱེད་འཇུག་པ་ནི་རྒྱ་གར་བྷི་ཧར་མངའ་སྡེའི་དབུ་ཕོངས་ཀྱི་ཁྱིམ་ཚང་ཚོའི་ཁྲོད་ན་དར་ཁྱབ་ཆེ་བ་ཞིག་ཡིན་འདུག་ཅིང་། དེའི་རྒྱུ་མཚན་ནི་བུ་མོ་ཞིག་བག་མར་གཏོང་བར། ཁྱོ་གའི་ནང་མིར་དངུལ་དངོས་ཕོན་ཆེན་པོ་སྤྲོད་དགོས་ཀྱི་ཡོད་སྟབས། དེ་སྒྲུབ་མ་ཐུབ་དུས་སྐྱེས་པ་བཙན་ཁྲིད་བྱས་ནས་འཇིགས་སྐུལ་འོག་གཉེན་སྒྲིག་བྱེད་འཇུག་གི་ཡོད་འདུག

ཀུ་མར་བཙན་དབང་ཐོག་ནས་གཉེན་སྒྲིག་བྱས་བཅུག་རྗེས་བྷི་ཧར་མོ་ཀ་མ་རྫོང་གི་གྲོང་གསེབ་ཅིག་ནང་བཀག་ཉར་བྱས་ཡོད་འདུག་ཀྱང་། ཉེན་རྟོག་པའི་རོགས་སྐྱོར་ལ་བརྟེན་ནས། མཐར་ཐར་ཐུབ་པ་བྱུང་ཡོད་འདུག་པ་དང་། ད་ལྟའི་ཆར་ཉེན་རྟོག་མི་སྣས་གནས་ཚུལ་དེའི་སྐོར་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||