རྒྱ་གར་མཁས་པའི་གཞུང་ལུགས་ལ་གོམས་འདྲིས་ཐེབས་རྒྱུ་གལ་ཆེན་པོ་རེད་གསུངས་སོང་།

རྒྱ་གར་མཁས་པའི་གཞུང་ལུགས་ལ་གོམས་འདྲིས་ཐེབས་ཐུབ་པ་བྱ་རྒྱུ་དང་། དཔེ་ཆའི་བཤད་ལུང་ཐོབ་སོང་ཟེར་ནས་མ་བཞག་པར་དུས་རྒྱུན་དུ་བལྟ་ཀློག་བྱ་རྒྱུ་གལ་ཆེ་སྐོར་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་གིས་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨིན་ཌོ་ནེ་ཤི་ཡ་དང་། ལྷོ་ཀོ་རི་ཡ། མཱ་ལེ་ཤེ་ཡ། སིངྒ་པོར། ཐའེ་ལན་ཌི། ཝེ་ཏི་ནམ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དད་ལྡན་པ་ཚོས་ཇི་ལྟར་གསོལ་བ་འདེབས་པ་ལྟར། ཡུལ་གྲུ་དེ་དག་ནས་ཡོང་བའི་དད་ལྡན་ཆོས་ཞུ་བ་༡༦༠༠ ཙམ་ལ་ཆེད་དམིགས་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་དབུ་འཛུགས་གནང་སོང་།

ད་ཐེངས་ཟླ་འདིའི་ཕྱི་ཚེས་༢༩ ནས་ཟླ་༩ པའི་ཚེས་༡ བར་ཉིན་༤ རིང་གི་གསུང་ཆོས་ཐོག་རྒྱལ་ཁབ་༦༠ ནས་དད་ལྡན་ཆོས་ཞུ་བ་མི་༡༧༠༠ མ་ཟིན་ཙམ་དང་། རྒྱ་ནག་ནས་མི་༡༧། རྒྱ་གར་བ་༢༠༠། བོད་རིགས་མི་མང་༣༩༠༠ ལྷག་ཙམ་དང་བཅས་ཁྱོན་བསྡོམས་པའི་ཆོས་ཞུ་བ་༧༠༠༠ ལས་བརྒལ་བ་འཛོམས་འདུག

༧གོང་ས་མཆོག་གིས་གསུང་ཆོས་དངོས་སུ་དབུ་འཛུགས་མ་གནང་གོང་སྔོན་འགྲོའི་གསུང་ཆོས་སུ་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་ཡུལ་གྲུ་ཁག་ཐུན་མོང་གི་ཐོག་ནས་བསྐུལ་མ་ཞུས་པ་ལྟར། ད་ཐེངས་ཀྱི་གསུང་ཆོས་སུ་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་གསུང་རྒྱུ་ཡིན་སྐོར་དང་། བསྟན་པ་སྤྱིའི་ཐོག་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཚང་མའི་ཁུངས་རྩ་བ་རྒྱ་གར་མཁས་པས་མཛད་པའི་གཞུང་ལ་གཏུགས་པ་ཤ་སྟག་ཡིན་སྟབས། གང་ཐུབ་ཅི་ཐུབ་ཀྱིས་རྒྱ་གར་མཁས་པའི་གཞུང་ལུགས་ལ་གོམས་འདྲིས་ཐེབས་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད་པ་དང་། དཔེ་ཆའི་བཤད་ལུང་ཐོབ་སོང་ཟེར་ནས་མ་བཞག་པར་དུས་རྒྱུན་དུ་བལྟ་ཀློག་བྱ་རྒྱུ་གལ་ཆེ་སྐོར་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་ནམ་རྒྱུན་ནས་གསུང་ཆོས་སྐབས་ཐོག་མར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་སྐོར་དང་སྦྲགས་གསུང་དོན་དུ།“ངས་ནམ་རྒྱུན་ནང་ཆོས་བཤད་དུས་སྔོན་ལ་ནང་ཆོས་ངོ་སྤྲོད་ཅིག་བྱེད་ཀྱི་ཡོད། ངོ་འཕྲོད་ནས་ནང་ཆོས་ལ་དད་མོས་འདྲ་བྱུང་བའི་མཚམས་སུ་ནང་ཆོས་ཀྱི་གཞུང་ལུགས་ལ་བལྟས་ན་ཡག་པོ་འདུག”ཅེས་དང་།   ཁོང་གིས་མུ་མཐུད་གསུང་དོན་དུ།“ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་སངས་རྒྱས་པའི་ཆོས་འདི་རྒྱ་གར་ནས་བྱུང་བ་རེད། རྒྱ་གར་ནས་ཨེ་ཤི་ཡ་ཡོངས་རྫོགས་ལ་ཁྱབ་པའི་བཟོ་འདྲ་འདུག ནང་པའི་ཆོས་བརྒྱུད་ཀྱི་ནང་ལ་པ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་ཅེས་ཡོད་རེད། གང་ལྟར་ཡང་སྙིང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་བཞིའི་ཆོས་འཁོར་བསྐོར་ནས་བཟུང་གསུང་པའི་ཆོས་རྣམས་ཨེ་ཤི་ཡའི་ཡུལ་གྲུ་ཚང་མར་ཁྱབ་པའི་བཟོ་འདྲ་ཞིག་འདུག”ཅེས་དང་། སངས་རྒྱས་པའི་ཆོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་དེ་ནི་རིགས་པས་བརྟག་ཅིང་དཔྱད་པའི་གྲུབ་དོན་དེ་སེམས་བརྒྱུད་ལ་སྦྱར་ནས་ཕན་ཐོགས་ག་རེ་ཡོད་མེད་དང་། སེམས་ལ་འགྱུར་བ་འགྲོ་རྒྱུ་ག་རེ་ཡོད་མེད་ཚོད་ལྟ་བྱས་ན་ངེས་པ་བརྙེས་ནས་དད་པ་ཐོབ་པ་ཞིག་ཡོང་རྒྱུ་ཡོད་སྐོར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་རྗེས་གསུང་ཆོས་དངོས་སུ་དབུ་འཛུགས་གནང་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 193

Leave a Reply