རྒྱ་གར་ཨུ་ཏར་ཁན་ཌི་ནང་རྒྱ་ནག་གི་དམག་མི་འཛུལ་བ།

རྒྱ་ནག་གི་དམག་མི་རྣམས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་ལས་བརྒལ་ཏེ། རྒྱ་གར་ཨུ་ཏར་ཁན་ཌི་མངའ་སྡེ་ནང་མི་ཊར་༢༠༠ ཙམ་ནང་འཛུལ་རྗེས་ཆུ་ཚོད་གཉིས་ཀྱི་ནང་ཕྱིར་ལོག་ཡོད་འདུག

ཕྱི་ཟླ་༧ པའི་ཕྱི་ཚེས་༣༡ ཉིན་རྒྱ་གར་གྱི་དེ་རིང་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འབྲོག་ལམ་དུ་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་གི་རྐྱེན་གྱིས་འདས་པའི་བདུན་ཕྲག་ཁ་ཤས་ནས་བཟུང་། འགུལ་བསྐྱོད་བྱ་ཐབས་མེད་པའི་གནས་སྟངས་འོག་ཡོད་མིན་ལ་མ་ལྟོས་པར། རྒྱ་ནག་གི་དམག་མིས་ས་མཚམས་བརྒལ་ནས་རྒྱ་གར་ཨུ་ཏར་ཁན་ཌིའི་མངའ་སྡེའི་ས་ཁོངས་ནང་འཛུལ་ཡོད་འདུག
དེ་ཡང་རྒྱ་ནག་གི་དམག་མི་༢༠༠ ནས་༣༠༠ བར་གྱི་ཁ་གྲངས་ཡོད་པ་ཞིག་ཕྱི་ཟླ་༧ པའི་ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པ་ཡས་མས་སུ། རྒྱ་གར་གྱི་མངའ་སྡེ་ཨུ་ཏར་ཁན་ཌིའི་རྫོང་ཅཱ་མོ་ལིའི་ས་གནས་བྷ་ར་ཧོ་ཏི་ནང་མི་ཊར་༢༠༠ ཙམ་གྱི་ས་མཚམས་བརྒལ་ནས་འཛུལ་ཡོད་འདུག་ཅིང་། ཁོང་ཚོས་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་སྐོར་གཡེང་བྱས་ཏེ། སྒོ་ཕྱུགས་ཀྱི་བདག་པོ་རྣམས་ལ་ས་གནས་དེ་ནས་ཐོན་རྒྱུའི་རེ་སྐུལ་ཞུས་ཡོད་འདུག
རྒྱ་གར་གྱིས་བོད་དང་རྒྱ་གར་བར་གྱི་ས་མཚམས་ཉེན་རྟོག་པས་སྐབས་དེར་སྐོར་གཡེང་དང་། གནད་དོན་མཐོར་འདེགས་བྱས་ཏེ་ཕྱོགས་གཉིས་བར་ཐུག་འཕྲད་བྱས་རྗེས་རྒྱ་ནག་གི་དམག་མི་རྣམས་ཕྱིར་ལོག་ཡོད་འདུག
མ་གཞི་ས་གནས་དེ་ནི་རྩོད་རྙོག་ཅན་ཞིག་ཡིན་ཞིང་དམག་ཤུགས་ཕྱིར་བསྡུ་བྱས་ཟིན་པའི་ས་ཁུལ་ཞིག་ཡིན་འདུག རྒྱུན་དུ་ས་གནས་དེ་ཕྱོགས་གཉིས་ཀའི་སྒོ་ཕྱུགས་འཚོ་སྐྱོང་བྱེད་མཁན་ཚོས་བེད་སྤྱོད་བྱེད་ཀྱི་ཡོད་འདུག  རྒྱ་གར་གྱི་ཕྱོགས་ནས་ནམ་རྒྱུན་ནས་ས་གནས་དེར་སྐོར་གཡེང་བྱེད་ཀྱི་ཡོད་འདུག་ཀྱང་། གོ་མཚོན་དང་ཆས་གོས་མ་སྤྲས་པར་སྤྱིར་བཏང་གི་རྣམ་པ་རང་གི་ཐོག་ནས་ཡིན་འདུག

ལོ་ལྟར་རྒྱ་དཀར་ནག་གཉིས་ཀས་ས་གནས་དེ་སོ་སོའི་མངའ་ཁོངས་ཡིན་པ་སྟོན་ཐབས་སུ་ཉུང་མཐར་ས་གནས་དེར་ཐེངས་རེར་བསྐྱོད་ཀྱི་ཡོད་འདུག་ཅིང་། རྒྱ་གར་གྱི་ཕྱོགས་ནས་བོད་དང་རྒྱ་གར་བར་གྱི་ས་མཚམས་ཉེན་རྟོག་པ་ཞེས་པའི་རྒྱབ་བརྟེན་འོག མི་སེར་དཀྱུས་མ་ཁྱུ་གཅིག་ལ་ཆས་གོས་སྤྱིར་བཏང་བ་རང་གཡོགས་ནས་ས་གནས་ཀྱི་རྒྱ་ཁྱོན་ལ་ལྟ་སྐོར་བྱེད་དུ་གཏོང་གི་ཡོད་འདུག
སྤྱིར་རྒྱ་གར་གྱི་ཕྱོགས་ནས་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་གི་ཛ་དྲག་གནས་སྟངས་མེད་པ་བཟོ་ཕྱིར་རྒྱ་ནག་དང་སྐད་ཆ་བཤད་རྒྱུའི་གྲ་སྒྲིག་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། ཐོག་མར་ཕྱོགས་གཉིས་ཀས་རྩོད་རྙོག་ཅན་གྱི་ས་གནས་ནས་དམག་ཤུགས་ཕྱིར་བསྡུ་བྱེད་དགོས་ཀྱི་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 889

Leave a Reply