རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐད་མའོ་དང་ཀུ་རུ་ཤོ་ཧྥེ་གཉིས་ཀྱི་ཁ་རྩོད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གསར་འགོད་པས་ཟླ་འདིའི་ཕྱི་ཚེས་༥ ཉིན་གྲང་དམག་གི་རྒྱལ་སྤྱིའི་ལོ་རྒྱུས་ལས་ཕྱོགས་བསྡུ་བྱས་པ་ལས། གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བོད་བསྒྱུར་བྱས།

མགྲོན་པོ་ཞིག་གིས་བཤད་མི་རུང་བ་ཞིག་ངས་ཁྱེད་ལ་བཤད་འོང་། བོད་ནང་གི་དོན་རྐྱེན་རྣམས་ཁྱེད་རང་གི་ནོར་འཁྲུལ་རེད་ཅེས་ཨུ་རུ་སུའི་འགོ་ཁྲིད་ཀུ་རུ་ཤོ་ཧྥེས་མའོ་ཙེ་ཏུང་ལ་བརྗོད་ཡོད་འདུག

མའོ་དང་ཀུ་རུ་ཤོ་ཧྥེ། ༡༩༥༨ AFP

ཕྱི་ལོ་༡༩༥༩ ལོའི་ཟླ་༩ པའི་ཟླ་མཇུག་ཏུ་ཨུ་རུ་སུའི་འགོ་ཁྲིད་ནི་ཀི་ཏ་ཀུ་རུ་ཤོ་ཧྥེ(Nikita Khrushchev) རྒྱ་ནག་ཏུ་བསྐྱོད་ནས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་རྣམས་དང་ལྷན་ཚོགས་ཤིག་འཚོགས་པ་དང་། དེ་ནི་ས་མཚམས་རྩོད་རྙོག་གི་གནད་དོན་ཐོག རྒྱ་ནག་གི་དམག་མིས་རྒྱ་གར་གྱི་མཐའ་མཚམས་སྲུང་མཁན་ཁག་ཅིག་བསད་ནས་ཟླ་གཅིག་ལྷག་ཙམ་གྱི་རྗེས་སུ་ཡིན་པ་རེད།

ཀུ་རུ་ཤོ་ཧྥེ་སྐབས་དེར་ཞི་བའི་ལས་དོན་གྱི་ཆེད་དུ་ཨ་རི་ན་ཕྱོགས་བསྐྱོད་འགྲོ་ལ་ཁད་ཡིན་ཡང་། མི་གསོད་དོན་རྐྱེན་དེ་བྱུང་སྟབས་ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་(TASS) ཞེས་པའི་ཐོག་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་དཀར་ནག་གཉིས་བར་ཞི་འགྲིག་ཡོང་བའི་འབོད་སྐུལ་ཞུས།  རྒྱ་ནག་གིས་དེ་ནི་ཨུ་རུ་སུས་ཡོངས་གྲགས་སུ་རང་ཉིད་ཀྱི་མཐུན་ཕྱོགས་དམར་ཤོག་རྒྱལ་ཁབ་ཅིག་ལ་སྐྱོན་བརྗོད་བྱས་པའི་དཔང་རྟགས་སུ་སྙམ་ནས་ཨུ་རུ་སུར་འཁང་ར་དྲག་པོ་བྱས། ཀུ་རུ་ཤོ་ཧྥེ་རྒྱ་ནག་ཏུ་ཡོང་བ་དེ་ནི་༧གོང་ས་མཆོག་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་ནས་ཟླ་ཤས་ཀྱི་རྗེས་སུ་ཡིན།

གཤམ་གསལ་ཡི་གེ་རྣམས་ནི་ཀུ་རུ་ཤོ་ཧྥེ་དང་། མའོ་ཙེ་ཏུང་། སུ་སི་ལོ་ཧྥེ། གྷེ་རོ་མི་ཀོ། ལིའུ་ཤའོ་ཆི། ཀྲུའུ་ཨེན་ལེ། ལིན་བྷའོ། པེང་ཀྲེན། ཆེན་ཡི། ཝན་ཤི་སང་བཅས་བར་བྱུང་བའི་སྐད་ཆ་རྣམས་ཡིག་ཐོག་ཕབ་པ་ཞིག་ཡིན་པ་རེད།

སྐབས་དེར་ཁོང་ཚོའི་བར་བྱུང་བའི་ཕོག་ཐུག་འགྲོ་སྐྱེན་པའི་སྐད་ཆ་མང་ཆེ་བ་ནི་རྒྱ་གར་ལ་བཟུང་བའི་ལྟ་སྟངས་མི་འདྲ་བའི་སྐོར་ལ་ཡིན་ཞིང་། ཁྱད་པར་དེ་དག་ལ་བརྟེན་ནས་རྗེས་སུ་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་བར་ལ་འགལ་རྐྱེན་ཡོང་བའི་ཚོད་དཔག་བྱས་པ་མ་ཟད། ཁོང་ཚོའི་སྐད་ཆ་ལས་རྒྱུན་དུ་བཅད་མཚམས་བཟོས་པའི་ས་གནས་སུ་བྱུང་བའི་འཁྲུག་འཛིང་ཙམ་ལ་ངོས་འཛིན་བྱེད་བཞིན་པའི་ས་མཚམས་ཀྱི་གནད་དོན་དེས། ཕྱི་ལོ་༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་གི་དོན་རྐྱེན་གྱི་རྐྱེན་བསླངས་བའི་སྐོར་གྱི་ཡོངས་གྲགས་མ་ཡིན་པའི་གནས་ཚུལ་མང་པོ་ཞིག་མངོན་ཐུབ་ཀྱི་ཡོད་པ་རེད།

ཀུ་རུ་ཤོ་ཧྥེ། ལོ་མང་རིང་ཁྱེད་(མའོ་)ལ་རྒྱ་གར་དང་འབྲེལ་ལམ་ཡག་པོ་ཡོད། འོན་ཀྱང་། གློ་བུར་དུ་ཕྱོགས་གཉིས་བར་ལ་ཁྲག་དྲི་ཐུལ་བའི་དོན་རྐྱེན་བྱུང་ཡོད་སྟབས། རྒྱ་གར་གྱི་སྲིད་བློན་ནེ་ཧ་རིས་ཁོ་རང་ཉིད་ཧ་ཅང་དཀའ་ཁག་ཆེ་བའི་གནས་སྟངས་ཞིག་ནང་ཡོད་པ་མཐོང་གི་ཡོད། ཁྱེད་ལ་གལ་མེད་ན། མགྲོན་པོ་ཞིག་གིས་བཤད་མི་རུང་བ་ཞིག་ངས་ཁྱེད་ལ་བཤད་ཡོང་། བོད་ནང་གི་དོན་རྐྱེན་རྣམས་ཁྱེད་རང་གི་ནོར་འཁྲུལ་རེད། ཁྱེད་རང་གིས་བོད་ནང་དབང་སྒྱུར་བྱས་པ་རེད། ཁྱེད་རང་གིས་དེ་སྔོན་ནས་ངེས་པར་དུ་བོད་ནང་གསང་བའི་ལས་བྱེད་བཞག་ནས་ཏཱ་ལའི་བླ་མའི་དགོངས་པ་དང་འཆར་གཞི་ལ་ཤེས་རྟོགས་ཐུབ་པ་བྱུང་ཡོད་དགོས་རེད།

མའོ། ནེ་ཧ་རིས་ཀྱང་དེ་ང་ཚོའི་ནོར་འཁྲུལ་ཡིན་པ་བརྗོད་བྱུང་། དེའི་ཐོག་ཨུ་རུ་སུས་(TASS) ཞེས་པའི་བརྒྱུད་ལམ་ཐོག་རྒྱ་གར་གྱི་ཕྱོགས་བྱས་ནས། གནད་དོན་དེའི་ཐོག་གསལ་བསྒྲགས་ཤིག་ཀྱང་སྤེལ་སོང་།

ཀུ་རུ་ཤོ་ཧྥེ། ཁྱེད་རང་ལ་ངོ་མ་རྒྱ་གར་དང་རྙོག་གླེང་གི་ཐད་ནས་ང་ཚོས་ཁྱེད་རང་ལ་རྒྱབ་སྐྱོར་བྱེད་འཇུག་འདོད་འདུག་གམ། དེ་བྱས་ན་ང་ཚོའི་གླེན་རྟགས་ཆེན་པོ་ཞིག་རེད། (TASS)ཐོག་སྤེལ་བའི་གསལ་བསྒྲགས་དེ་ངེས་པར་དུ་སྤེལ་དགོས་པ་ཞིག་རེད།

མའོ། ང་ཚོའི་ནོར་འཁྲུལ་ནི་ཏཱ་ལའི་བླ་མ་ཕམ་ཉེས་སུ་གཏོང་སྟངས་ནོར་ཡོད་པ་དེ་རེད། འོན་ཀྱང་། སྐབས་དེར་ང་ཚོ་བོད་མི་མང་ཚོགས་མང་ཆེ་བ་དང་འབྲེལ་བ་ཡོད་མ་རེད།

ཀུ་རུ་ཤོ་ཧྥེ། ཁྱེད་རང་ལ་ད་ལྟ་ཡང་བོད་མི་མང་ཚོགས་དང་འབྲེལ་བ་ཡོད་མ་རེད།

མའོ། གནད་དོན་འདིའི་ཐད་ང་ཚོའི་བར་གོ་བ་ལེན་སྟངས་ཐ་དད་རེད།

ཀུ་རུ་ཤོ་ཧྥེ། ཏཱ་ལའི་བླ་མ་བྲོས་ཐར་པ་དེ་ཁྱེད་རང་གི་ནོར་འཁྲུལ་རེད། གལ་སྲིད་ཁྱེད་རང་གིས་ཁོང་ལ་རྒྱ་གར་དུ་འགྲོ་རྒྱུའི་གོ་སྐབས་སྤྲད་ན། དེ་ནེ་ཧ་རི་དང་འབྲེལ་བ་ག་རེ་ཡོད་རེད། ང་ཚོས་བསམ་ན་བོད་ནང་གི་དོན་རྐྱེན་རྣམས་ནི་རྒྱ་ནག་གུང་ཁྲན་ཏང་གི་ནོར་འཁྲུལ་རེད་མ་གཏོགས་ནེ་ཧ་རི་ཡི་ནོར་འཁྲུལ་མ་རེད།

མའོ། མ་རེད། དེ་ནེ་ཧ་རིའི་ནོར་འཁྲུལ་རེད།

མའོ། ང་ཚོས་ནེ་ཧ་རི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། བོད་ཀྱི་གནད་དོན་ཐོག་ང་ཚོས་ངེས་པར་དུ་ཁོང་ཚར་གཅོད་དགོས་ཀྱི་ཡོད།

ཀུ་རུ་ཤོ་ཧྥེ། ཁྱེད་རང་གིས་རྒྱ་གར་གྱི་ས་མཚམས་ལ་ཡོད་པའི་མི་རྣམས་ག་རེ་བྱས་ནས་བསད་པ་ཡིན།

མའོ། ཐོག་མར་ཁོང་ཚོས་ས་མཚམས་བརྒལ་ཏེ་ཆུ་ཚོད་༡༢ རིང་མེ་མདའ་བརྒྱབས་ནས་ང་ཚོར་འཐབ་རྒོལ་བྱས་པ་རེད།

ཀྲུའུ་ཨེན་ལེ། (周恩來) ཁྱེད་རང་རྒྱ་གར་དང་ང་ཚོ་གཉིས་བར་གྱི་སུའི་སྐད་ཆ་ལ་ཡིད་ཆེས་ཆེ་བ་འདུག

ཀུ་རུ་ཤོ་ཧྥེ། འཐབ་རྒོལ་ཐོག་མར་རྒྱ་གར་གྱིས་བྱས་ཡོད་ཀྱང་། རྒྱ་གར་གྱི་མིས་རྒྱ་ནག་གི་མི་གཅིག་ཀྱང་བསད་ཡོད་མ་རེད།

ཀྲུའུ་ཨེན་ལེ། ཡིན་ན་ཡང་། ཁོང་ཚོས་ང་ཚོར་ཐོག་མར་འཐབ་རྒོལ་བྱས་ན་ང་ཚོས་གང་བྱེད་དགོས་རེད།  ང་ཚོས་མེ་མདའ་གནམ་ལ་བརྒྱབ་ན་ཕན་ཐོགས་ཀྱི་མ་རེད། རྒྱ་གར་བ་ཚོས་མེག་མོ་ཧེན་ས་མཚམས་ཀྱང་བརྒལ་ཡོང་གི་འདུག

ཁྲེན་ཡི།(Chen Yi) རྒྱ་གར་དང་ང་ཚོའི་འབྲེལ་ལམ་ངན་དུ་གཏོང་མཁན་ང་ཚོ་ཡིན་སྐོར་གྱི་ཁྱེད་རང་ཚོའི་གསལ་བསྒྲགས་ལ་ང་ཁོང་ཁྲོ་ཟ་བྱུང་།

ཀུ་རུ་ཤོ་ཧྥེ། ང་ཡང་ང་ཚོ་སྐབས་འཚོལ་རིང་ལུགས་པ་ཡིན་སྐོར་གྱི་ཁྱེད་རང་ཚོའི་གསལ་བསྒྲགས་ལ་ཁོང་ཁྲོ་ཟ་བྱུང་། ནེ་ཧ་རི་ལ་དབང་ཆ་མུ་མཐུད་གནས་ཐབས་སུ་ང་ཚོས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས།

མའོ། བོད་ནང་གི་དོན་རྐྱེན་དང་། ས་མཚམས་ཀྱི་རྩོད་རྙོག་གཉིས་ནི་སྐབས་ཤིག་གི་གནད་དོན་རེད།

ཀུ་རུ་ཤོ་ཧྥེ། ཁྱེད་རང་གིས་ང་ཚོར་ཉེས་འཛུགས་བྱས་པ་དེ་མེད་པ་བཟོས། དེ་མིན་ང་ཚོ་ཤོག་ཁག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཤོར་གྱི་རེད།  ང་ཚོ་ཁྱེད་རང་གི་གྲོགས་པོ་ཡིན་སྟབས་སྐད་ཆ་དྲང་མོ་བཤད་ཀྱི་ཡོད། མི་སུ་གང་ལ་ང་ཚོས་སྐབས་འཚོལ་རིང་ལུགས་པ་བྱེད་མ་མྱོང་།

ཁྲེན་ཡི། འོན་ཀྱང་། ཁྱེད་རང་གིས་རྒྱ་གར་དང་ང་ཚོའི་འབྲེལ་ལམ་སྡུག་ཏུ་གཏོང་མཁན་དང་། ཏཱ་ལའི་བླ་མ་བྲོས་བྱོལ་ཕྱིན་པ་གཉིས་ང་ཚོའི་ནོར་འཁྲུལ་རེད་ཟེར་ནས། ང་ཚོའི་སྒོ་འགྲམ་དུ་ཆབ་སྲིད་ཀྱི་ཉེས་འཛུགས་ཐེངས་གཉིས་བྱས་བྱུང་། ཁྱེད་རང་གིས་ད་དུང་སྐབས་འཚོལ་རིང་ལུགས་པའི་བྱ་སྤྱོད་བགྱིད་བཞིན་པར་ང་ཡིད་ཆེས་ཡོད།

ཀུ་རུ་ཤོ་ཧྥེ། བློ་མཐུན་ཁྲེན་ཡི་ཁྱེད་རང་གིས་གལ་སྲིད་ང་ཚོ་སྐབས་འཚོལ་རིང་ལུགས་པར་ངོས་འཛིན་བྱས་ན། ཁྱེད་རང་གི་ལག་ངར་ང་ཚོར་མ་བསྲིངས། ང་ཚོས་དང་ལེན་བྱེད་ཀྱི་མིན།

ཁྲེན་ཡི། ངས་ཀྱང་བྱེད་ཀྱི་མིན། ཁྱོད་རང་འཚིག་པ་ཟ་ན་ང་ཞེད་ཀྱི་མི་འདུག་ཅེས་ངས་ཁྱོད་ལ་ངེས་པར་དུ་བཤད་དགོས་ཀྱི་ཡོད།

ཀུ་རུ་ཤོ་ཧྥེ། སྤྱི་ཁྱབ་དམག་གི་གོ་གནས་ཐོག་ནས་ཁྱེད་རང་གིས་གཏན་ནས་མཆིལ་ལུད་གཡུགས་མི་ཉན། ཁྱེད་རང་ལ་མཆིལ་ལུད་འདང་ངེས་ཤིག་ཡོད་མ་རེད། དེས་ང་ཚོར་ཞེད་སྣང་སྐུལ་ཐུབ་ཀྱི་མ་རེད།།
མ་རྩོམ་དབྱིན་ཡིག་ཐོག་གཟིགས་རོགས།

Print Friendly, PDF & Email
Share on Facebook69Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 712

Leave a Reply