རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་རན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༠  ཕྱི་ལོ་ ༢༠༡༧/༡༠ /༢༥

ད་ལྟའི་ཆར་རྒྱ་དམར་གཞུང་གིས་དམར་ཤོག་གི་ཚོགས་ཆེན་བཅུ་དགུ་པ་ཞེས་པ་དེ་འཚོགས་བཞིན་པ་དང་། ཚོགས་འདུ་དེའི་ཐོག་དུས་རབས་གསར་པའི་ནང་ཞི་ཅིན་ཕིན་གྱི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ཞེས་པ་ཞིག་རྒྱ་ནག་གི་རྩ་ཁྲིམས་ནང་འགོད་རྒྱུའི་ཐག་གཅོད་བྱུང་ཡོད་འདུག དེ་ནི་མུ་མཐུད་གཅིག་སྡུད་དབང་འཛིན་པའི་དབང་ཆ་སྲ་བརྟན་དུ་བསྒྱུར་བ་ཞིག་དང་། ཚོགས་འདུ་འགོ་འཛུགས་སྐབས་ཞི་ཅིན་ཕིན་གྱིས་རྒྱ་ནག་གིས་གཏན་ནས་ཕྱི་རྒྱལ་བའི་ཆབ་སྲིད་ལམ་ལུགས་དཔེ་བཤུས་བྱེད་མི་རུང་བའི་སྐོར་བརྗོད་ཡོད་འདུག་པ་མ་ཟད། ཤིན་ཅང་དང་། བོད། ཧོང་ཀོང་བཅས་ནང་བྱུང་བའི་ཁ་བྲལ་ལས་འགུལ་དཔེ་མཚོན་དུ་བགྲངས་ནས་ཉེན་བརྡ་བཏང་ཡོད་པ་དང་། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ནི་རྒྱལ་ཁབ་ཀྱི་རྩ་དོན་ཆགས་ཀྱི་ཡོད་སྐོར་ཡང་ནས་བསྐྱར་དུ་བརྗོད་ཡོད་འདུག གནས་ཚུལ་དེ་གཉིས་ཀྱི་ཐོག་ནས་གསལ་པོ་ཆགས་ཐུབ་པ་ཞིག་ནི། རྒྱ་ནག་གི་ངོས་ནས་བོད་དང་། ཡུ་གུར། ཧོང་ཀོང་སོགས་ལ་གུ་ཡངས་ཀྱི་སྲིད་བྱུས་ཤིག་འཛིན་རྒྱུའི་འཆར་གཞི་གཏན་ནས་མེད་པ་དེ་གསལ་པོ་རེད།

དེ་བཞིན་ཕྱི་རྒྱལ་བའི་ཆབ་སྲིད་ལམ་ལུགས་དཔེ་བཤུས་བྱེད་མི་རུང་ཟེར་བའི་གནད་དོན་གཙོ་བོ་ནི། མང་གཙོ་དང་གུ་ཡངས་ཀྱི་ལམ་ལུགས་རྒྱ་ནག་ནང་གཏན་ནས་དར་ཁྱབ་ཏུ་འགྲོ་རུ་མི་འཇུག་པའི་དོན་ཡིན་པ་དང་། ང་ཚོ་བོད་པའི་ངོས་ནས་རྒྱ་གཞུང་གིས་བོད་དོན་ལ་བཟང་ཕྱོགས་ནས་ཐག་གཅོད་ཅིག་གནང་རྒྱུའི་རེ་བ་དང་རྨི་ལམ་ག་འདྲ་ཞིག་བྱས་ཀྱང་། དེ་དག་སྟོང་བསམ་འབའ་ཞིག་ལས་གྲུབ་འབྲས་བཟང་པོ་ཞིག་སྨིན་རྒྱུ་མེད་པ་དེ་ཧ་ཅང་གསལ་པོ་རེད། ལྷག་པར་དུ་རྒྱ་དམར་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡེ་ཅོང་(Ζηανγ Ψιϕιονγ)ཟེར་བ་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོད་སྐུར་འདེབས་དང་སྦྲགས། ཕྱི་རྒྱལ་གྱི་མི་སྣ་སུ་ཡིན་ཡང་“ཏཱ་ལའི་”དང་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཐུག་འཕྲད་བྱས་ནའང་ཁྲིམས་འགལ་ཡིན་ཞེས་རྒྱལ་སྤྱིའི་མདུན་སར་བསྒྲགས་སོང་། འཛམ་གླིང་གི་ས་གནས་གང་སར་ཡོད་པའི་བོད་པ་དག་གི་ངོས་ནས་ཀྱང་དོན་དངོས་སུ་༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་འདི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་འོས།

ང་རང་ཚོའི་སྤྱི་ཚོགས་ནང་བོད་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་སྐུར་འདེབས་བྱས་མེད་ཅེས་བརྗོད་ནའང་། རྒྱུ་མཚན་སྣ་ཚོགས་ཤིག་བཙལ་ནས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱེད་མཁན་དུ་བསྒྲུབས་གང་ཐུབ་བྱས་ནས་ངོ་རྒོལ་གྱི་རྣམ་འགྱུར་འདྲ་མིན་སྣ་ཚོགས་ཤིག་སྟོན་བཞིན་ཡོད་པ་དང་། དེའི་ལྡོག་ཕྱོགས་ནས་ཀྱང་དེ་དང་འདྲ་བའི་བྱེད་སྟངས་སྣ་ཚོགས་ཤིག་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་ཡོད་པ་དག་ནི། རྡུང་རྒྱུ་རྔ་བརྡུང་ཡང་། དམིགས་རྒྱུ་འདྲེ་དམིགས་ཞེས་པ་ལྟ་བུར་གྱུར་འདུག དོན་དངོས་ཐོག་བོད་ཀྱི་རྩ་དོན་ཆེད་སེམས་ཤུགས་ཡོད་མཁན་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་ཡོད་མཁན་ཚོས། རྒྱ་དམར་གཞུང་གིས་བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་པ། ལྷ་སྲུང་ཆོས་སྐྱོང་ལ་ཁ་བཏང་བ་ཙམ་མ་ཡིན་པར་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བཏང་ནས། སྐུ་གསུང་ཐུགས་རྟེན་དང་ལྷ་སྲུང་ཆོས་སྐྱོང་གི་སྐུ་རྟེན་ཡོངས་རྫོགས་གཏོར་བཤིག་བཏང་ནས་བོད་ཡུལ་ཡོངས་རྫོགས་སྟོང་པར་བསྒྱུར་བ་རེད།

ད་ལྟའི་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་པར་མི་རབས་ཚ་བརྒྱུད་དུ་ཤ་འཁོན་རྩོད་མི་དགོས་པ་དང་། རྒྱ་བོད་མི་རིགས་མང་པོ་ཞིག་གི་ཚེ་སྲོག་འཆོར་མི་དགོས་པར་གུ་ཡངས་མཉམ་གནས་ཤིག་ཡོང་རྒྱུའི་ཐུགས་རེ་བཅངས་ནས་རྒྱ་དམར་གཞུང་ལ་བསྟུན་མཁས་གང་མང་ཞིག་གནང་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལ་ཡ་ལན་གཏན་ནས་མེད་པར། དུས་རྒྱུན་ཚད་ལས་བརྒལ་བའི་སྐུར་འདེབས་དང་མཚན་སྨོད་འབའ་ཞིག་བྱེད་བཞིན་པ་ལས། བཟང་ཕྱོགས་ནས་ཡ་ལན་གང་ཡང་བྱས་མེད། ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་བསྐྱང་མི་ཆོག་པ་དང་། ཕྱི་རྒྱལ་གྱི་དཔོན་རིགས་དང་། གནད་ཡོད་མི་སྣ་སུ་དང་ཐུག་འཕྲད་གནང་ཡང་ཁྲིམས་འགལ་ཡིན་པའི་བརྗོད་བབས་འདི་རིགས་ནི། ཧམ་བཤད་དང་༧གོང་ས་མཆོག་གིས་གཙོས་བོད་མི་ཡོངས་རྫོགས་ལ་མཐོང་ཆུང་དང་། ཚད་ལས་བརྒལ་བའི་དམའ་འབེབས་དང་ཐུབ་ཚོད་འབའ་ཞིག་ཡིན་པས། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བོད་རིགས་མི་མང་བཅས་ཀྱིས་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་འོས།

མདོར་ན་ཉེ་བའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་འོངས་པའི་ལོ་ལྔའི་ནང་བོད་དོན་ལ་བཟང་ཕྱོགས་ནས་ཐག་གཅོད་ཡོང་རྒྱུའི་རེ་བ་དང་གྲ་སྒྲིག་ཡོང་ཆེད་དང་། དེ་ལྟར་མ་ཡོང་ན་མུ་མཐུད་མི་ལོ་༥༠ ལ་བཙན་བྱོལ་དུ་གནས་དགོས་བྱུང་ཡང་བོད་པའི་ངོ་བོ་མ་བརླགས་པའི་ཐོག་ནས་གནས་ཐུབ་ཆེད་“༥ དང་༥༠”ཞེས་པའི་ཚོགས་འདུ་ཞིག་འཚོགས་སོང་། དོན་དངོས་སུ་ཚོགས་འདུ་དེར་ཡང་མ་འོངས་པའི་༥ དང་༥༠ སྐོར་གཙོ་བོ་མ་གླེང་བར། འདས་པའི་༥ དང་༥༠ རྩོད་རྙོག་ཆུང་ཙག་གི་རིགས་ལ་མགོ་འཁོར་བསྡད་མེད་དམ་སྙམ་པའི་གནས་ཚུལ་ཞིག་གོ་རྒྱུ་བྱུང་སོང་བ་བཞིན། མུ་མཐུད་གལ་ཆེ་བའི་ལས་དོན་གྱི་ཁ་ཕྱོགས་གཏན་ནས་ནོར་མི་རུང་། བོད་པའི་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ནས་བརྗོད་ཀྱང་། གཞུང་སྒེར་གཉིས་ངོས་ནས་ནང་ལ་རྒོལ་མཁན་སྟག་འདྲ་བ་ཧ་ཅང་མང་ཡང་། ཕྱི་ལ་ཐུག་དུས་མ་གོ་མ་ཐོས་པའི་ཚུལ་བཟུང་ནས་ཝ་མོ་ལྟ་བུར་གུམ་ནས་བསྡད་ན། ཡ་རབས་བཟང་སྤྱོད་ཟེར་བ་དེ་ཚོ་ཡིག་ཐོག་ཏུ་འཁོད་པའི་ཚིག་བརྗོད་ཙམ་ལས་དོན་ལ་བེད་སྤྱོད་མེད་པ་ཞིག་ཏུ་འགྱུར་བཞིན་པ་ལྟ་བུར་གྱུར་ཡོད། དེར་བརྟེན་དགྲ་གཉེན་མ་ནོར་བའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེ་སྙམ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 164

Leave a Reply