རྒྱ་ནག་གི་ཁུར་པོ་གང་ཡིན་ནམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༧  ཕྱི་ལོ་ ༢༠༡༧/༣ /༨

ད་ལྟའི་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ཟེར་བ་དང་། རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ཟེར་བ་འཚོགས་བཞིན་ཡོད་འདུག་ལ། ཕྱི་ལོ་༢༠༡༧ ལོ་འདི་དང་ཚོགས་འདུ་འདི་དག་ནི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཆོག རྒྱ་ནག་རྒྱལ་ཁབ་སྤྱི་ཡོངས་ནས་མ་འོངས་པའི་ལོ་ལྔའི་རིང་སྲིད་དབང་ལྷིང་འཇགས་ངང་སྲ་བརྟན་རྒྱུན་འཛིན་ཇི་ལྟར་ཐུབ་མིན་དང་། རྒྱལ་སྤྱིའི་གནས་ཚུལ་གྱི་ཁ་ཕྱོགས་དང་བསྟུན་ནས་རྒྱ་ནག་ནང་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་ཐུབ་མིན། ལྷག་པར་དུ་ཞིས་ཅིན་ཕེན་གྱིས་ལོ་འདིར་མུ་མཐུད་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ཀྱིས་མཁྲེགས་འཛིན་བྱེད་རྒྱུར་བར་ཆད་ཡོང་སྲིད་མིན་སོགས་ལ་ཐེ་ཚོམ་གཏན་ནས་མེད་པ་ཞིག་ཏུ་གྱུར་མེད་ཚོད་རེད། གནད་དོན་འདི་དག་གི་ཐོག་ལ་ཕྱོགས་ཡོངས་ནས་དོ་སྣང་ཆེན་པོ་བྱེད་དགོས་པ་ནི་བོད་མི་རིགས་ལ་མཚོན་ན་གཡོལ་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད།

མ་འོངས་པའི་བོད་དེ་ད་ལྟའི་གནས་སྟངས་ལ་འགྱུར་བ་གང་ཡང་མི་འགྲོ་བར་མུ་མཐུད་གནས་པའམ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ལོངས་སུ་སྤྱད་ནས་རྒྱ་མི་རིགས་དང་མཉམ་དུ་གནས་རྒྱུ། ཡང་ན་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་དང་ལྷག་པར་དུ་རྒྱལ་ཁབ་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། བོད་ཀྱང་རྒྱ་ནག་ལས་ཁ་བྲལ་ཏེ་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་ལྟ་བུའི་གོ་སྐབས་ཀྱང་ཡོང་སྲིད་པ་སོགས་གྲ་སྒྲིག་དང་སྔོན་དཔག་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད། མ་འོངས་པའི་བོད་ཀྱི་ཆབ་སྲིད་གནས་སྟངས་ཐོག་གོང་གསལ་གནད་དོན་གསུམ་ལས་གང་ཡིན་ཡང་རྒྱ་ནག་ལ་རག་ལས་པ་ཞིག་ཏུ་གྱུར་ཡོད་པ་ལས། ཨ་རི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་གནས་སྟངས་དང་དེ་ཙམ་འབྲེལ་བ་ཆེན་པོ་མེད། དེར་བརྟེན་བོད་པས་ཁ་གཏད་གཅོག་ས་དང་དོ་སྣང་བྱེད་ས་གཙོ་བོ་རྒྱ་ནག་ཡིན་དགོས་པ་ནི་སྨྲོས་མེད་རེད་ལ། ལྷག་པར་དུ་འཆོར་མི་རུང་བའི་གོ་སྐབས་མང་པོ་ཞིག་ཡོང་སྲིད་པའི་གྲ་སྒྲིག་ཡོད་དགོས།

ཉེ་ཆར་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཐའེ་ཝན་དང་། ཧོང་ཀོང་གི་གནས་ཚུལ་སྐོར་གླེང་སློང་བྱས་ཡོད་ཅིང་། དེ་ནི་ད་ལྟའི་ཆར་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཐོག་ནས་ཐའེ་ཝན་གྱི་གནས་སྟངས་དང་། ཧོང་ཀོང་རང་བཙན་རྩོད་ལེན་གྱི་གནས་སྟངས་ཐོག་ནས་རྒྱ་གཞུང་གི་ཁུར་པོ་རུ་གྱུར་ཡོད་པ་གསལ་སྟོན་དང་། ད་ལྟའི་ཆར་བོད་ཀྱི་གནད་དོན་དེ་ཐའེ་ཝན་དང་ཧོང་ཀོང་བཞིན་ཁུར་པོ་རུ་གྱུར་མེད་པ་འདི་ཡང་ཤུགས་ཀྱིས་བསྟན་ཡོད། རྒྱ་དམར་དྲག་པོའི་གཞུང་ལ་མཚོན་ན་བོད་ལ་ཤ་ཚ་སྙིང་རྗེའི་ཐོག་ནས་གཅེས་སྐྱོང་བྱེད་པའི་རེ་བ་གང་ཡང་མེད་པ་དང་། བོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་ཀྱི་ཚོགས་སྡེ་ཁག་དང་མི་སྒེར་གང་ཡིན་ཡང་དུས་རྒྱུན་སྐྱོན་བརྗོད་བྱེད་བཞིན་ཡོད་པ་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ད་ལྟའི་ཆར་ཡང་མུ་མཐུད་མཚན་སྨོད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་པ་ནི། བོད་ཀྱི་གནས་བབས་ཐོག་ནས་༧གོང་ས་མཆོག་ལས་ཤུགས་རྐྱེན་ཆེ་བ་སུ་གཅིག་མེད་པ་རྒྱ་གཞུང་གིས་ཀྱང་མི་འདོད་བཞིན་དུ་ངོས་འཛིན་བྱས་པ་རེད།

སྔོན་མ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒྱ་གཞུང་གིས་དུས་རྒྱུན་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། འདས་པའི་ལོ་ཤས་སྔོན་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ནུས་པ་དང་ཤུགས་རྐྱེན་སྔོན་ལས་ཉམས་ཆག་ཏུ་གྱུར་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། ད་ལྟའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱ་གཞུང་གི་སྐྱོན་བརྗོད་བྱེད་པའི་ཡུལ་དུ་གྱུར་མེད་ལ། བོད་ཀྱི་གནད་དོན་ཡང་ཐའེ་ཝན་དང་ཧོང་གི་གནད་དོན་བཞིན་གནས་སྐབས་སེམས་ཁུར་ཆེ་ཤོས་བྱེད་དགོས་པ་ཞིག་ཏུ་གྱུར་མེད། འདི་དག་གི་ཐོག་ནས་བལྟས་ན་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་ཉམས་ཆག་ཅིག་ཏུ་ངོས་འཛིན་བྱེད་ཆོག་པ་དང་། མ་འོངས་པའི་ཕུགས་རྒྱང་རིང་པོའི་ཐོག་ནས་སེམས་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱ་གཞུང་གིས་ཇི་ལྟར་བོད་ཀྱི་གནད་དོན་དང་བོད་པའི་སྒྲིག་འཛུགས་ཁག་ལ་འཁྱོག་བཤད་དང་སྐྱོན་བརྗོད་བྱེད་པ། ཁ་རྡུང་གཏོང་བ་སོགས་ཀྱི་གནས་ཚུལ་ཡོད་ན་དེའི་ཚོད་ཀྱིས་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ཀྱང་བཟང་དུ་འགྲོ་བཞིན་ཡོད་པ་མཚོན་ཐུབ་ལ། དེ་ལས་ལྡོག་ན་ཤུགས་རྐྱེན་གང་ཡང་མེད་པ་རྟོགས་ཐུབ།

ལོ་ཤས་སྔོན་སྲིད་སྐྱོང་གང་དུ་ཕེབས་ཀྱང་རྒྱ་གཞུང་གིས་ཁ་རྡུང་དང་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། ལོ་སྔོན་མའི་འོས་བསྡུ་ཆེན་མོའི་རྩོད་རྙོག་བྱུང་བའི་རྗེས་ནས་བཟུང་སྲིད་སྐྱོང་ཡང་སྔོན་མ་དང་བསྡུར་ན་རྒྱ་གཞུང་གི་སྐྱོན་བརྗོད་བྱེད་ཡུལ་ཞིག་ཏུ་བརྩིས་མེད་པ་ནི། བོད་པའི་མཐོ་རིམ་ཆབ་སྲིད་པའི་ནང་དུ་ཤུགས་རྐྱེན་ཆེན་པོ་མེད་པ་དང་། དེ་ལ་བརྟེན་ནས་བོད་དོན་ཆབ་སྲིད་ཀྱི་གནས་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུའི་ནུས་པ་མེད་པ་ལྟ་བུར་ངོས་འཛིན་བྱས་ཡོད་པ་མིན་ནམ་སྙམ། གང་ལྟར་བོད་དོན་འཐབ་རྩོད་ཀྱི་གནས་བབས་ལ་བརྟེན་ནས་བོད་དོན་དེ་རྒྱ་གཞུང་གི་ཁུར་པོ་རུ་འགྱུར་ཐུབ་པ་ཞིག་བྱུང་ན། བོད་དོན་ཐག་གཅོད་བྱེད་པའི་གོམ་པའང་མདུན་ཕྱོགས་སུ་སྤོ་ཐུབ་པའི་རེ་བ་ཡོད་པ་ལས། བོད་དོན་ཐོག་ནས་རྒྱ་གཞུང་ལ་གནོད་སྐྱོན་གང་ཡང་མེད་པར་གྱུར་པའི་སྐབས་བོད་ཀྱི་གནས་སྟངས་ལ་འགྱུར་བ་གསར་པ་ཞིག་གཏོང་དགོས་དོན་གང་ཡང་མེད། ལྷག་པར་རྒྱ་གཞུང་གིས་འགྱུར་བ་གཏོང་བར་རེ་བ་རྒྱག་པ་ལས། རྒྱ་གཞུང་ལ་རང་བཞིན་གྱིས་འགྱུར་བ་འགྲོ་བའི་གོ་སྐབས་འདི་ཉིད་བོད་པས་དམ་འཛིན་བྱེད་ཐུབ་པ་གལ་ཆེ་སྙམ།།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 118

Leave a Reply