རྒྱ་ནག་གི་གཞུང་ཚབ་ཁང་གིས་བརྒྱུད་བསྐུལ་འོག་༧གོང་ས་མཆོག་གི་གསུང་བཤད་ལ་ངོ་རྒོལ།

ཨ་རིའི་ལོ་སི་ཨན་ཇི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བརྒྱུད་བསྐུལ་འོག རྒྱ་རིགས་སློབ་མའི་ཚོགས་པ་ཞིག་གིས་༧གོང་ས་མཆོག་གིས་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་ལ་ངོ་རྒོལ་བྱས་སྐོར་གྱི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨི་པོ་ཆེ་ཐོག་ཏུ་གནས་ཚུལ་བཀོད་གསལ། ཨ་རིའི་ས་གནས་སེན་ཌི་གྷོར་རྟེན་གཞི་བྱས་པའི་ཁེ་ལི་ཧྥོ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གིས། ཟླ་༦ པའི་ནང་བསླབ་པ་མཐར་སོན་་གྱི་མཛད་སྒོར་གསུང་བཤད་གནང་མཁན་གཙོ་བོ་༧གོང་ས་མཆོག་གདན་དྲངས་ཡོད་པ་རེད་དེ། གསུང་བཤད་དེ་བཀག་འགོག་ཡོང་ཆེད་དུ་གཙུག་ལག་སློབ་གཉེར་ཁང་དེར་སློབ་གཉེར་བྱེད་མཁན་རྒྱ་རིགས་སློབ་མའི་ཚོགས་པ་ཞིག་གིས་ལས་འགུལ་སྤེལ་ཡོད་པ་རེད། འོན་ཀྱང་ཉེ་བའི་ཆར་སློབ་མའི་ཚོགས་པ་དེས་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་ཐོག ལོ་སི་ཨན་ཇི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱིས་༧གོང་ས་མཆོག་གི་གསུང་བཤད་ལས་རིམ་དེར་བྱ་སྤྱོད་སྤེལ་སྟངས་ཐོག་བཀོད་ཁྱབ་བཏང་བའི་གསལ་བསྒྲགས་སློབ་མའི་ཚོགས་པ་དེས་དྲ་ཐོག་ཏུ་བཀོད་ཡོད་འདུག་ཀྱང་། ད་ལྟའི་ཆར་གསལ་བསྒྲགས་དེ་དྲ་ཐོག་ནས་ཕྱིར་འཐེན་བྱས་ཟིན་ཡོད་འདུག

གསལ་བསྒྲགས་དེའི་ནང་རྒྱ་རིགས་སློབ་ཕྲུག་དང་ཤེས་ཡོན་པའི་ལྷན་ཚོགས་ཀྱིས་ལོ་སི་ཨན་ཇི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ལ། ཟླ་༦ པའི་ནང་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐབས་༧གོང་ས་མཆོག་གི་གསུང་བཤད་གནང་རྒྱུའི་ལས་རིམ་དེའི་ཐོག་བྱ་སྤྱོད་གང་འདྲ་སྤེལ་དགོས་མིན་ཐད་སྐད་ཆ་དྲིས་པས། གཞུང་ཚབ་ཁང་གིས་བཀོད་ཁྱབ་བཏང་བ་ལྟར་ལས་འགུལ་སྤེལ་རྒྱུ་ཡིན་སྐོར། དེ་བཞིན་གཞུང་ཚབ་ཁང་གིས་སློབ་ཕྲུག་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གྱི་ལམ་སྟོན་ལས་བརྒལ་ནས་བྱ་སྤྱོད་སྤེལ་མི་རུང་བ། ལས་འགུལ་བྱེ་བྲག་ཐོག་མ་འོངས་པའི་གསལ་བསྒྲགས་ནང་ཞིབ་ཕྲ་འགྲེལ་བཤད་རྒྱག་རྒྱུ་ཡིན་པའི་ལན་འདེབས་བྱས་སྐོར་བཀོད་ཡོད་འདུག

ཨ་རིའི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་ཁང་ཞིག་གིས། ཨ་རིའི་གཙུག་ལག་སློབ་གཉེར་ཁང་༡༥༠ ལས་མང་བའི་ནང་རྒྱ་རིགས་སློབ་ཕྲུག་དང་ཤེས་ཡོན་པའི་ལྷན་ཚོགས་ཡོད་པ་དང་། ལྷན་ཚོགས་དེར་རྒྱ་ནག་གཞུང་ནས་ཐད་ཀར་རམ་རྒྱ་ནག་གཞུང་ཚབ་ཁང་གིས་དངུལ་གྱི་རོགས་རམ་བྱེད་ཀྱི་ཡོད་ཁར། ལྷན་ཚོགས་དེ་རྒྱ་ནག་གཞུང་གིས་སོ་ལྟ་སོགས་ཀྱི་ལས་དོན་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་སྲིད་སྐོར་བརྗོད་ཡོད་འདུག

རྒྱ་རིགས་སློབ་ཕྲུག་ཚོགས་པ་དེས་༧གོང་ས་མཆོག་གི་གསུང་བཤད་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཡོད་ཀྱང་། གཙུག་ལག་སློབ་གཉེར་ཁང་གིས་ཐག་གཅོད་དེ་འགྱུར་བ་བཏང་མེད་པས། ཟླ་༢ པའི་ཚེས་༡༦ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་ཏུ། ཚེས་༡༥ ཡི་ཉིན་གཙུག་ལག་སློབ་གཉེར་ཁང་གི་རིག་བདག་ཆེན་མོ་རྒྱ་གར་བ་པར་ཌིབ་ཀ་ཀོ་ས་ཡིས། སློབ་གཉེར་ཁང་དེའི་ནང་ཡོད་པའི་རྒྱ་རིགས་སློབ་མ་ཚོ་ཆེད་དུ་བསྐོངས་ནས། འདི་ལོའི་ཕྱི་ཟླ་༦ པའི་ནང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་༧གོང་ས་མཆོག་སློབ་གཉེར་ཁང་དེའི་ནང་དུ་གསུང་བཤད་གནང་མཁན་གཙོ་བོ་རུ་གདན་འདྲེན་ཞུ་འཆར་ཡོད་པའི་སྐོར། རྒྱ་རིགས་སློབ་མ་ཚོ་དང་གྲོས་མོལ་བྱས་སྐབས། སློབ་ཕྲུག་ཚོས་༧གོང་ས་མཆོག་གི་གསུང་བཤད་དེ་ཆབ་སྲིད་དང་འབྲེལ་བ་མེད་པ་དགོས་པ་དང་།  དེ་བཞིན་ཁོ་ཚོས་༧གོང་ས་མཆོག་མཚམས་སྦྱོར་ཞུ་སྐབས་ཆོས་ལུགས་ཀྱི་དབུ་ཁྲིད་དང་། བཙན་བྱོལ་ལྟ་བུའི་ཚིག་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་པ། དེ་བཞིན་གསུང་བཤད་ཀྱི་ནང་དོན་གང་ཡིན་ཁོ་ཚོར་གསལ་པོ་བཟོ་རོགས་ཞེས་བརྗོད་ཡོད་སྐོར་གྱི་གནས་ཚུལ་བཀོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 193

Leave a Reply