རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་ཡ་ཧུ་ཚོང་ལས་ཁང་ཁྲིམས་གཏུག

རྒྱ་ནག་དམར་ཤོག་གཞུང་དང་བསམ་ཚུལ་འགལ་ཟླ་ཡོད་མཁན་ཆབ་སྲིད་བཙོན་ཟུར་བརྒྱད་ཀྱི་སྐུ་ཚབ་ཀྱིས། འཛམ་གླིང་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་གྱི་ཚོང་ལས་ཁང་ཆེ་གྲས་ཡ་ཧུ་ཁྲིམས་ལ་གཏུག་འདུག

ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་གྱི་ཚོང་ལས་ཁང་ཆེ་གྲས་ཡ་ཧུ་ཡིས། རྒྱ་ནག་གཞུང་ལ་དམར་ཤོག་ཚོགས་པ་དང་འགལ་ཟླའི་བསམ་ཚུལ་བཟུང་ནས་ཆབ་སྲིད་ལས་འགུལ་སྤེལ་མཁན་མང་པོ་ཞིག་གི་མིང་དང་ལོ་རྒྱུས་སོགས་སྤྲད་ནས། དེ་དག་བཙོན་འཇུག་བྱས་ཡོད་པ་རེད།

སྐབས་དེར་ལས་འགུལ་བ་དེ་དག་གི་སྐུ་ཚབ་ཀྱིས་ཡ་ཧུ་ཁྲིམས་གཏུག་བྱས་པས། ཡ་ཧུ་ཡིས་བཙོན་འཇུག་བྱས་པའི་ལས་འགུལ་བ་དེ་དག་ལ་རོགས་པ་བྱེད་ཆེད་དུ་ཨ་སྒོར་ས་ཡ་༡༧ གྱི་མ་དངུལ་གཏོང་རྒྱུ་ཐག་གཅོད་བྱས་འདུག མ་དངུལ་དེ་སྟངས་འཛིན་བྱེད་མཁན་ཨ་རིར་གནས་སྡོད་རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གི་འགན་འཛིན་སྐུ་ཞབས་ཧི་རི་ཝུ་བསྐོ་གཞག་བྱས་ཡོད་ཀྱང་། རྒྱ་ནག་ནང་དུ་ཡོད་པའི་ཆབ་སྲིད་བཙོན་ཟུར་དེ་དག་གི་ཆེད་ཨ་སྒོར་འབུམ་བདུན་ལས་འགྲོ་སོང་བཏང་མེད་པར་བརྗོད་ནས། ཆབ་སྲིད་བཙོན་ཟུར་དེ་དག་གི་སྐུ་ཚབ་ཀྱིས་ཡ་ཧུ་ཡིས་མ་དངུལ་དེ་བེད་ལོག་བཏང་བའི་ཉེས་འཛུགས་འོག་ཁྲིམས་གཏུག་བྱས་ཡོད་འདུག

མ་དངུལ་དེ་སྟངས་འཛིན་བྱེད་མཁན་སྐུ་ཞབས་ཝུ་གྲོངས་ཚར་ཡོད་འདུག་པ་དང་། ཁོང་གིས་དེ་སྔོན་ནིའུ་ཡོག་དུས་བབ་ཀྱི་བཅར་འདྲི་ཞིག་ལ། ཁོ་ཚོས་རྒྱ་ནག་ནང་དུ་ཆབ་སྲིད་བཙོན་ཟུར་ཡིན་ཟེར་ནས་རོགས་པ་སློང་མཁན་དེ་དག་གི་དངོས་ཡོད་གནས་ཚུལ་ར་སྤྲོད་བྱེད་པར། རྒྱ་ནག་ཏུ་བསྐྱོད་རྒྱུའི་ཐོངས་མཆན་ཐོབ་ཀྱི་མེད་སྐོར་བརྗོད་ཡོད་འདུག ཁྲིམས་གཏུག་བྱེད་མཁན་གྱིས་སྐུ་ཞབས་ཝུ་ཡིས། མ་དངུལ་དེ་དག་བེད་སྤྱད་ནས་ཁྲིམས་གཏུག་གཞན་གྱི་ཐོག་ལ་འགྲོ་སོང་བཏང་ཡོད་པ་དང་། དེ་བཞིན་ཨ་རི་ཝ་ཤིན་ཀྲོན་དུ་ཚོགས་པ་དེའི་ཆེད་ས་ཁང་གཉིས་ཉོས་ནས། མ་དངུལ་གྱི་འགྲོ་སོང་དམིགས་པ་དང་མ་མཐུན་པའི་སྡེ་ཚན་གཞན་ལ་འགྲོ་སོང་བཏང་ཡོད་ཀྱང་། ཡ་ཧུ་ཚོང་ལས་ཁང་གིས་གནས་ཚུལ་དེ་ཤེས་བཞིན་དུ་སྣང་མེད་བཏང་ཡོད་ཚུལ་བརྗོད་འདུག

ད་ལྟའི་ཆར་ཡ་ཧུ་ཚོང་ལས་ཁང་གིས་ཁྲིམས་གཏུག་དེའི་སྐོར་ལ་བསམ་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་འདུག
ཡ་ཧུ་དེ་ཉིད་ཝེ་རའི་ཛུན་ཚོང་ལས་ཁང་གིས་ཉོ་རྒྱུར་མོས་མཐུན་བྱས་ཟིན་ཡོད་པ་དང་། ལོ་མཇུག་ཏུ་ཚོང་ལས་ཁང་དེས་བདག་ཉར་བྱ་འཆར་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 296

Leave a Reply