རྒྱ་ནག་གི་དགག་བྱ་ལ་མ་ལྟོས་པར་ཐའེ་ཝན་གྱི་སྲིད་འཛིན་ཨ་རིའི་གླིང་ཕྲན་གྷམ་དུ་ཕྱིན་འདུག

རྒྱ་ནག་གི་དགག་བྱ་བྱེད་མིན་ལ་མ་ལྟོས་པར་ཨ་རིའི་དམག་གི་རྟེན་གཞི་གླིང་ཕྲན་གྷུམ་དུ། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨེང་ཝེན་འབྱོར་ཡོད་པ་དང་། དེ་ནི་རྒྱ་ནག་ལ་ཕོག་ཐུག་སྐྱེན་པའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད།

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༣ ཉིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨེང་ཝེན་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐོར་བསྐྱོད་ཕྱིན་ནས་ཕྱིར་ལོག་པའི་ལམ་བར་ནས། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་གླིང་ཕྲན་གྷུམ་དུ་འབྱོར་ཡོད་པ་དང་། རྒྱ་ནག་གིས་དེར་དགག་པ་ཤུགས་ཆེན་བརྒྱབས་ཡོད་པ་རེད།

པེ་ཅིང་གིས་ཨ་རིར་ལྕམ་ཚའེ་ཨེང་ཝེན་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་རྣམས་སུ་བསྐོར་བསྐྱོད་དུ་འགྲོ་སྐབས། ཨ་རིའི་མངའ་ཁོངས་སུ་གྱུར་པའི་གླིང་ཕྲན་གྷུམ་བརྒྱུད་འགྲོ་མི་འཇུག་རྒྱུའི་ཐོག་ནན་སྐུལ་ཤུགས་ཆེན་བྱས་མིན་ལ་མ་ལྟོས་པར། ལྕམ་ཚའེ་ཨེང་ཝེན་གླིང་ཕྲན་གྷུམ་དུ་འབྱོར་ཡོད་པ་དང་། དེ་ནི་བདུན་ཕྲག་རྗེས་མའི་ནང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ཏུ་བསྐྱོད་ལ་ཉེ་བའི་དུས་སྐབས་དང་འཁེལ་ཡོད་སྟབས་ཚོར་ཤུགས་སྐྱེན་པའི་གནས་སྟངས་ཤིག་ཆགས་ཡོད་འདུག

མ་གཞི་རྒྱ་ནག་གིས་ཐའེ་ཝན་ནི་ཁོ་རང་ཚོའི་མངའ་ཁོངས་ཤིག་ཡིན་པར་བརྗོད་ནས། རྒྱུན་དུ་ཨ་རྒྱ་གཉིས་བར་གྱི་ཚོར་ཤུགས་སྐྱེན་ཤོས་ཀྱི་གནད་དོན་ཞིག་ཏུ་བརྩི་བཞིན་ཡོད་ཁར། ད་ཐེངས་ཀྱང་ལྕམ་ཚའེ་ཨེང་ཝེན་གྱི་ཕྱོགས་བསྐྱོད་ཨ་རིའི་གླིང་ཕྲན་གྷུམ་བརྒྱུད་འགྲོ་རྒྱུ་དེ་འགོག་ཐབས་ཤུགས་ཆེན་པོ་བྱས་ཡོད་འདུག

གླིང་ཕྲན་གྷུམ་གྱི་སྤྱི་ཁྱབ་བློན་ཆེན་ཨེ་ཌི་ཝར་ཌི་བྷི་ཁལ་ཝོས། ལྕམ་ཚའེ་ཨེང་ཝེན་གླིང་ཕྲན་གྷུམ་དུ་ཡོང་བ་དེ་ནི་གཞུང་འབྲེལ་མིན་པ་དང་། སྒེར་གྱི་ཐོག་ནས་ཡོང་བ་ཡིན་སྐོར་བསྒྲགས་ཡོད་འདུག་ཀྱང་། ལྕམ་ཚའེ་ཨེང་ཝེན་གནམ་ཐང་དུ་འབྱོར་སྐབས་སྐུ་སྲུང་དུ་ཉེན་རྟོག་མི་སྣ་དགོས་ངེས་ཤིག་ཡོང་ནས་སྲུང་སྐྱོབ་བྱས་ཡོད་འདུག་པ་མ་ཟད། གསོལ་སྟོན་སྐབས་ལྕམ་ཚའེ་ཨེང་ཝེན་གྱིས་“ཐའེ་ཝན་དང་གྷུམ་གཉིས་བར་ན་ཐུན་མིན་གྱི་མཛའ་བརྩེ་ཡོད་”ཅེས་དང་། གྷུམ་ནི་ཐའེ་ཝན་དང་ཆེས་ཐག་ཉེ་ཤོས་ཀྱི་ཨ་རིའི་ཆ་ཤས་ཤིག་ཡིན་པ་དང་། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས་ཐའེ་ཝན་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན་པ་བཅས་བརྗོད་ཡོད་འདུག

གླིང་ཕྲན་གྷུམ་ནི་ཨ་རིའི་དམག་གི་རྟེན་གཞི་ཆེན་པོ་ཞིག་ཡིན་ཅིང་། ཐའེ་ཝན་དང་རྒྱ་ནག་གཉིས་བར་མ་འོངས་པར་རྩོད་རྙོག་ཆེ་རུ་སོང་ཚེ། ཐའེ་ཝན་ལ་ཨ་རིའི་རོགས་སྐྱོར་ཡོང་ཁུངས་ཀྱི་ལྟེ་གནས་ཤིག་ཆགས་ཡོད་པ་དང་། རྒྱ་ནག་གིས་ཐའེ་ཝན་ཁོ་རང་ཚོའི་མངའ་འོག་ཏུ་བསྡུ་ཐབས་སུ་དཔུང་ཤུགས་བེད་སྤྱོད་མི་བྱེད་རྒྱུའི་བསམ་བློ་མེད་པ་རེད་འདུག

ལོ་སྔོན་མ་ལོར་ཐའེ་ཝན་གྱི་སྲིད་འཛིན་དུ་ལྕམ་ཚའེ་ཨེང་ཝེན་སླེབས་རྗེས་ནས་བཟུང་། རྒྱ་ནག་དང་ཐའེ་ཝན་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་ཁར། རྒྱ་ནག་གིས་ལྕམ་ཚའེ་ཨེང་ཝེན་ནི་ཐའེ་ཝན་རང་བཙན་གཙང་མ་འདོད་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྕམ་ཚའེ་ཨེང་ཝེན་གྱི་ངོས་ནས་རྒྱ་ནག་དང་ལྷན་དུ་ཞི་བདེ་རྒྱུན་བསྐྱངས་བྱེད་འདོད་ཡོད་ཀྱང་། ཐའེ་ཝན་གྱི་བདེ་འཇགས་དང་མང་གཙོ་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད་འདུག

ལོ་སྔོན་མའི་ཕྱི་ཟླ་༡༢ པའི་ནང་ཌོ་ནལ་ཊོམ་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས། ལྕམ་ཚའེ་ཨེང་ཝེན་དང་ཁ་པར་གྱི་འབྲེལ་བ་བྱས་ནས་དེར་རྒྱ་ནག་ཁོང་ཁྲོ་ཤུགས་ཆེན་པོ་ལངས་ཡོད་པ་དང་། འདི་ལོར་ལྕམ་ཚའེ་ཨེང་ཝེན་ཨ་རིར་ཐེངས་གཉིས་ཕྱིན་ཟིན་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||