རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཡོང་གཏན་འཁེལ་བ།

མི་རིང་བར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝཱང་ཡི་རྒྱ་གར་དུ་ཡོང་རྒྱུ་ཡིན་ཞིང་། དེ་ནི་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་གྱི་དཀའ་རྙོག་བྱུང་རྗེས་སུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་རྒྱ་གར་ལ་ཡོང་བ་ཐོག་མ་དེ་ཆགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༧ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་༡༢ པའི་ཕྱི་ཚེས་༡༡  ཉིན་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ་གསུམ་གྱི་ཕྱི་སྲིད་བློན་ཆེན་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཐུག་འཕྲད་བྱ་རྒྱུ་ཡིན་འདུག་ཅིང་། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝཱང་ཡི་སླེབ་རྒྱུ་ཡིན་པ་དང་། དེ་ནི་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་གྱི་དཀའ་རྙོག་བྱུང་རྗེས་སུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་རྒྱ་གར་དུ་ཡོང་བ་ཐོག་མ་ཆགས་ཀྱི་ཡོད་འདུག

གཞི་རྩའི་ཆ་ནས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གསུམ་འདི་ལོའི་ཕྱི་ཟླ་༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཐུག་འཕྲད་བྱ་རྒྱུ་བྱས་ཡོད་ཀྱང་། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་འཛུལ་ཞུགས་བྱེད་མ་ཐུབ་ནས་ད་བར་ཕྱིར་འགྱངས་བྱས་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེ་ནི་༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་གདན་ཞུ་བྱས་པའི་རྒྱ་གར་གཞུང་གི་ཐག་གཅོད་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་པ་ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གིས་དེར་ངོས་ལེན་བྱས་མེད་པ་རེད་འདུག

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་རྣམས་ཐུག་འཕྲད་བྱ་རྒྱུའི་དུས་ཚོད་གསལ་བསྒྲགས་བྱས་པ་དང་། ལྡི་ལི་གསར་པ་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཤཱའེ་ལི་ཡན་གྱིས་“རྒྱ་དཀར་ནག་གཉིས་ཀ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རེད། དཔལ་འབྱོར་དང་མི་མང་གི་བདེ་དོན་ཡར་རྒྱས་གཏོང་རྒྱུའི་ཐད་ཕྱོགས་གཉིས་ཆར་ལ་ལས་འགན་ཡོད་རེད། ལེགས་བཅོས་གཏིང་ཟབ་དང་དེང་རབས་ཅན་དུ་སྒྱུར་ཚད་མཐོ་རུ་གཏོང་བའི་འགག་རྩ་འདིར། ཕྱོགས་གཉིས་ཀས་ཕྱིའི་ཁོར་ཡུག་དེ་བཟང་པོ་སྐྲུན་དགོས་ཀྱི་རེད་”ཅེས་བརྗོད་ཡོད་འདུག

གནད་དོན་དེའི་ཐོག་རྒྱ་གར་ཕྱི་འབྲེལ་ལས་དོན་ཁང་གི་མགྲིན་ཚབ་པ་རཱ་ཝི་ཤི་ཀུ་མར་གྱིས་“ངས་རྒྱ་གར་དང་། རྒྱ་ནག ཨུ་རུ་སུ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གསུམ་ཕྱི་ཟླ་༡༢ པའི་ཕྱི་ཚེས་༡༡ ཉིན་ཐུག་འཕྲད་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱེད་ཐུབ་པ་ལས་གཞན་གང་ཡང་མི་ཤེས།”ཞེས་བརྗོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 361

Leave a Reply