རྒྱ་ནག་གི་མཁའ་ལམ་གསར་པ་དེ་ཐའེ་ཝན་གྱིས་སྒོ་རྒྱག་རྒྱུའི་དགོས་འདུན་བཏོན།

རྒྱ་ནག་གིས་མཁའ་ལམ་གསར་པ་བཞི་སྒོ་འབྱེད་བྱས་ཡོད་ཀྱང་། ཐའེ་ཝན་གྱིས་གློ་བུར་དུ་དེ་དག་སྒོ་རྒྱག་རྒྱུའི་དགོས་འདུན་བཏོན་ཡོད་པ་དང་།  སྐྱོན་བརྗོད་བྱེད་མཁན་ཚོས་མཁའ་ལམ་གཙོ་བོ་དེ་ཐའེ་ཝན་གྱི་མཁའ་ལམ་དང་ཧ་ཅང་ཐག་ཉེ་པོ་ཡིན་སྐོར་བརྗོད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༥ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་མི་མང་མཁའ་ལམ་སྐྱེལ་འདྲེན་འཛིན་སྐྱོང་ཚན་པ་ཟེར་བས་ཟླ་འདིའི་ཕྱི་ཚེས་༤ ཉིན། རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་གཉིས་བར་གྱི་མཚོ་འགག་ཏུ། རྒྱ་ནག་གི་མཁའ་ལམ་འགྲིམ་འགྲུལ་གུ་ཇེ་ཡངས་སུ་གཏོང་ཕྱིར། མཁའ་ལམ་གསར་པ་བཞི་སྒོ་འབྱེད་བྱས་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ཐའེ་ཝན་གྱིས་གློ་བུར་དུ་མཁའ་ལམ་དེ་དག་སྒོ་རྒྱག་རྒྱུའི་དགོས་འདུན་བཏོན་ཡོད་འདུག

དེ་ཡང་ཐའེ་ཝན་གྱིས། མཁའ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྣང་མེད་དུ་བཏང་ཞིང་། ཐའེ་ཝན་ལ་མ་གུས་པའི་འགུལ་སྐྱོད་དེའི་ཐོག རྒྱ་ནག་གིས་ཐའེ་ཝན་དང་གྲོས་བསྡུར་བྱས་མེད་སྐོར་དང་། དེ་བཞིན་མི་མང་སྐྱེལ་འདྲེན་གྱི་མཁའ་ལམ་ཞེས་ཆེད་དུ་མིང་བཏགས་ཡོད་ཀྱང་། དོན་ངོ་མར་ཆབ་སྲིད་དང་དམག་དོན་ལྟ་བུ་ཚུལ་མིན་གྱི་དམིགས་འདུན་གཞན་གྱི་ཆེད་དུ་ཡིན་པའི་ཡིད་ཆེས་ཡོད་སྐོར་བཅས། རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་དང་འབྲེལ་བའི་ཐའེ་ཝན་གྱི་ལྷན་ཁང་ཞིག་གིས་བརྗོད་ཡོད་འདུག

སྐྱོན་བརྗོད་བྱེད་མཁན་ཚོས་མཁའ་ལམ་གཙོ་བོ་(M503) ཟེར་བ་དེ་ཐའེ་ཝན་གྱི་མཁའ་ལམ་དང་ཧ་ཅང་ཐག་ཉེ་པོ་ཡིན་སྐོར་བརྗོད་བཞིན་ཡོད་འདུག

རྒྱ་ནག་གིས་ཐོག་མར་ཕྱི་ལོ་༢༠༡༥ ལོར་མཁའ་ལམ་དེ་སྒོ་འབྱེད་བྱེད་ཐབས་འཐེན་ཡོད་ཀྱང་། དེ་ལ་བརྟེན་ནས་ངོ་རྒོལ་བྱུང་སྟབས་སྐམ་ས་ཆེན་མོའི་ས་ཕྱོགས་དང་ཉེ་ས་ལས་ཐའེ་ཝན་གྱི་མཁའ་ལམ་དང་ཉེ་ས་ནས་མཁའ་ལམ་གསར་བཟོ་བྱེད་ཐུབ་མེད་པ་དང་། སྐབས་དེར་གསར་དུ་བཟོས་པའི་མཁའ་ལམ་དེ་ཡང་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་འཕུར་བའི་ལམ་ཁ་གཅིག་པུ་ཡིན་འདུག

རྒྱ་ནག་གི་མི་མང་མཁའ་ལམ་སྐྱེལ་འདྲེན་འཛིན་སྐྱོང་ཚན་པ་ཟེར་བས། ཉེ་བའི་ལོ་ཤས་ནང་ཐའེ་ཝན་ནུབ་ཕྱོགས་ཀྱི་མཚོ་འགག་ཕྱོགས་སུ་མཁའ་ལམ་འགྲིམས་འགྲུལ་ཇེ་མང་དུ་སོང་བ་ལ་བརྟེན་ནས། གནམ་གྲུ་རྣམས་རྗེེས་ལུས་ཐེབས་རྒྱུ་ཇེ་མང་དུ་འགྲོ་ཡི་ཡོད་སྐོར་དང་།  གསར་དུ་སྒོ་འབྱེད་བྱས་པའི་མཁའ་ལམ་གཙོ་བོ་(M503) ཟེར་བ་དེ་བརྒྱུད་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཡང་འཕུར་ཐུབ་སྐོར། དེ་བཞིན་མཁའ་ལམ་གསར་པ་བཞི་ནི་མང་ཚོགས་རང་འགྲིམས་འགྲུལ་གྱི་ཆེད་དུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༦ ལོར་ལྕམ་ཚའེ་ཨེང་ཝེན་ཐའེ་ཝན་གྱི་སྲིད་འཛིན་དུ་སླེབས་ནས་བཟུང་། རྒྱ་ནག་གིས་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་བཅད་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 435

Leave a Reply