རྒྱ་ནག་གི་ཚོང་ལས་ཁང་མང་པོ་འབག་བཙོག་ཉུང་འཕྲིའི་སྒྲིག་གཞི་དང་འགལ་བ།

རྒྱ་ནག་གཞུང་གིས་མཁའ་རླུང་འབག་བཙོག་གི་ལས་རིགས་ཉུང་དུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་ཞིབ་འཇུག་གྲུབ་དོན་ནང་། རྒྱ་ནག་ནང་གི་ཚོང་ལས་ཁང་སྟོང་ཕྲག་༡༤ འབག་བཙོག་ཉུང་འཕྲི་ཡོངས་ཐབས་ཀྱི་སྒྲིག་གཞི་དང་འགལ་གྱི་ཡོད་སྐོར་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣ ཉིན་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱ་ནག་གཞུང་འབྲེལ་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་འོག ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་རྒྱ་ནག་བྱང་བརྒྱུད་ཀྱི་གྲོང་ཁྱེར་༢༨ ནང་གི་ཚོང་ལས་ཁང་རྣམས་ལ་ཟླ་ངོ་གཉིས་ཀྱི་རིང་ལ་ཞིབ་འཇུག་བྱས་རྗེས། ཞིབ་འཇུག་གི་གྲུབ་དོན་དུ་སྙན་ཐོ་ཞིག་བཏོན་ཡོད་པ་དང་། དེའི་ནང་རྒྱ་ནག་བྱང་བརྒྱུད་ཀྱི་ཚོང་ལས་ཁང་༡༤,༠༠༠ ལ་ཉེ་བ་ཁོར་ཡུག་འབག་བཙོག་ཉུང་འཕྲི་ཡོང་ཐབས་ཀྱི་ཚད་གཞི་ལས་བརྒལ་གྱི་ཡོད་པ་དང་། དེ་དག་གིས་ཁོར་ཡུག་ཉམས་ཞིབ་པས་ཞིབ་འཇུག་བྱས་པའི་ཚོང་ལས་ཁང་གི་བརྒྱ་ཆ་༧༠ ཟིན་གྱི་ཡོད་འདུག

དེ་བཞིན་ཚོང་ལས་ཁང་༤,༧༠༠ ལྷག་ཙམ་ཞིག་ནི་ཆོག་མཆན་མེད་པའི་ས་ཆར་ཆགས་ཡོད་ཅིང་། དེ་དག་ལ་ཚོང་ལས་ཁང་གི་ལག་འཁྱེར་ཏག་ཏག་མེད་ཁར། ཁོར་ཡུག་འབག་བཙོག་བཟོ་བྱེད་ཀྱི་རླངས་རྫས་འབྱིན་རྒྱུའི་ཚད་གཞི་ལས་ཀྱང་ཡོངས་སུ་བརྒལ་ཡོད་སྐོར་སྙན་ཐོ་ནང་འཁོད་ཡོད་འདུག

རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཁོར་ཡུག་འབག་བཙོག་བཟོ་མཁན་རྣམས་ལ་ངོ་རྒོལ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་ཀྱང་། རྒྱ་ནག་ནང་གི་བཟོ་གྲྭ་ཚོས་མུ་མཐུད་ནས་ས་ཆུ་རླུང་གསུམ་ལ་ཚབས་ཆེའི་འབག་བཙོག་བཟོ་མུས་ཡིན་འདུག་པ་མ་ཟད། རྒྱ་ནག་གི་མི་སེར་ཚོས་ཀྱང་རྒྱ་ཁྱབ་ཏུ་ཕྱིན་པའི་འབག་བཙོག་ནི་ཁོ་རང་ཚོའི་སེམས་ཁྲལ་ཆེ་ཤོས་བྱེད་གཞིའི་གནད་དོན་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་བཞིན་ཡོད་འདུག

རྒྱ་ནག་གིས་ཁོར་ཡུག་འབག་བཙོག་བཟོ་བྱེད་ཀྱི་རླངས་རྫས་འབྱིན་རྒྱུ་ཉུང་དུ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་པ་དང་། རྒྱ་གཞུང་གི་འགོ་ཁྲིད་ཚོས་རྡོ་སོལ་གྱི་བཀོལ་སྤྱོད་བཀག་རྒྱུའི་བསམ་འདུན་ཡོད་སྐོར་ཡང་བརྗོད་ཡོད་འདུག དེ་བཞིན་རྒྱ་ནག་ཁོ་རང་ཚོ་འབག་བཙོག་བཟོ་བྱེད་ཀྱི་རྒྱུ་(greenhouse gase) ཞེས་པའི་རླངས་རྫས་མང་ཤོས་འབྱིན་མཁན་དེ་ཆགས་ཡོད་ཀྱང་། ད་དུང་རྒྱ་ནག་གིས་འཛམ་གླིང་གི་རྒྱལ་ཁབ་གཞན་རྣམས་ནས་ཕེ་རི་སིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ལ་སྲུང་བརྩི་བྱེད་དགོས་པའི་ནན་སྐུལ་ཡང་བྱས་ཡོད་པ་རེད།

རླུང་ཁམས་བཙོག་པ་བཟོ་མཁན་དང་། ཁོར་ཡུག་འབག་བཙོག་བཟོ་བྱེད་ཀྱི་རླངས་རྫས་(greenhouse gases)གཉིས་ཀྱི་འབྱུང་ཁུངས་གཙོ་བོ་དེ་ནི་རྡོ་སོལ་བེད་སྤྱོད་བྱེད་པ་དེ་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམས་སྟབས་དལ་དུ་སོང་ཡོད་སྟབས་རྡོ་སོལ་བེད་སྤྱོད་བྱེད་རྒྱུ་ཉུང་དུ་ཕྱིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱི་ཚོང་ལས་སྒྲིག་འཛུགས་ནང་གློག་དང་། དྭངས་ལྕགས། ཨར་འདམ་སོགས་ཀྱི་ཆེད་དུ་རྡོ་སོལ་བེད་སྤྱོད་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྟབས་དེ་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་འདུག

མ་གཞི་རྒྱ་ནག་བྱང་རྒྱུད་ཀྱི་གྲོང་ཁྱེར་རྣམས་ནི་མཁའ་རླུང་འབག་བཙོག་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། རྒྱ་གར་དང་ཨི་རན་གཉིས་ཀྱི་གྲོང་ཁྱེར་ཁག་ཅིག་ལས་གཞན་འཛམ་གླིང་ནང་རླུང་ཁམས་འབག་བཙོག་ཅན་གྱི་ས་གནས་དེ་འདྲ་མེད་པ་རེད་འདུག

འདི་ལོའི་ཕྱི་ཟླ་༤ པའི་ནང་རྒྱ་ནག་གཞུང་འབྲེལ་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་རླུང་ཁམས་ཡར་རྒྱས་གཏོང་ཆེད། ལོ་གཅིག་རིང་ཞིབ་འཇུག་རིམ་པ་འདྲ་མིན་བྱེད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེའི་ནང་རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཐན་ཅིང་། ཧ་བྷེ་ནང་ཡོད་པའི་གྲོང་ཁྱེར་ཆུང་ཁག་༢༦ བཅས་སུ་ཉམས་ཞིབ་པ་༥,༦༠༠ གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

དེ་སྔོན་རྒྱ་ནག་གཞུང་འབྲེལ་གྱི་ཞིབ་འཇུག་གི་སྙན་ཐོ་ཞིག་གི་ནང་དུ། རྒྱ་ནག་ནང་མཁའ་རླུང་འབག་བཙོག་གི་རྐྱེན་གྱིས་ཕྱི་ལོ་༢༠༡༠ ནང་མི་ས་ཡ་༡ དང་འབུམ་༢ ཀྱི་སྲོག་ཤོར་ཡོད་པ་སོགས་འབག་བཙོག་གི་དཀའ་ངལ་ཤུགས་ཆེན་པོ་ཡོད་སྐོར་ཡང་འཁོད་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||