རྒྱ་ནག་གི་རང་དབང་དང་བོད་མིའི་རེ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༤  ཕྱི་ལོ་ ༢༠༡༧/༩ /༡༣

རྒྱ་དམར་གཞུང་གི་དམ་དྲག་དང་དྲག་གནོན་འོག་བོད་མི་ཙམ་དུ་མ་ཟད་རྒྱ་ནག་རྒྱལ་ཡོངས་སུ་རང་དབང་གི་གནས་སྟངས་ནི་ཧ་ཅང་ཉག་ཕྲ་རུ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་ཡོད་པའི་སྦིར་གྲགས་དང་མཉམ་དུ། རྒྱ་ནག་འཛམ་གླིང་གི་སྣེ་ཁྲིད་པ་ཆགས་སྲིད་པའི་ལྟ་ཚུལ་བརྗོད་མཁན་ཡང་འཛམ་གླིང་གི་ཤར་ནུབ་གང་སར་ཡོད་པ་ཐོས་རྒྱུ་ཡོད། དོན་དུ་རྒྱ་ནག་གི་ཆབ་འབངས་ནི་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་གྲས་ཁག་ཅིག་གི་རྩེད་ཆས་ལྟ་བུ་ཞིག་ལས། མི་མང་དང་གཞུང་གི་དབར་ལ་འབྲེལ་བ་ཆེན་པོ་ཞིག་ཕྱོགས་གང་ནས་བལྟས་ཀྱང་མེད། རྒྱ་ནག་མི་མང་གི་ངོས་ནས་ཟ་ཉལ་འགྲོ་འདུག་ཙམ་གྱི་རང་དབང་ལ་སྲིད་གཞུང་གིས་ཐེ་གཏོགས་ཤུགས་ཆེན་པོ་མེད་ནའང་། ཆབ་སྲིད་ཀྱི་གནད་དོན་ཐོག་ནས་མི་མང་ལ་རང་དབང་ཏིལ་འབྲུ་ཙམ་མེད་པར། རྒྱ་དམར་གཞུང་གི་དཔོན་རིགས་ཁག་དང་ཆབ་སྲིད་ཀྱི་ལྟ་ཚུལ་མི་མཐུན་པ་ཅུང་ཙམ་བྱུང་ནའང་བཙོན་འཇུག་དང་དམར་གསོད་གཏོང་རྒྱུ་ལས་ལམ་ཁ་གཞན་མེད།

དཔེར་ན་རྒྱ་ནག་གི་རང་དབང་རྩོད་ལེན་པ་གྲགས་ཅན་ལུའུ་ཞོ་པོ་རྒྱ་དམར་དྲག་པོའི་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་རྗེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ནའང་། བཙོན་ཁང་གི་མནར་གཅོད་འོག་ནས་གསོན་པོར་ལོག་ཐུབ་མེད། དེ་ཙམ་དུ་མ་ཟད་ཁོང་ལ་རྗེས་དྲན་བྱེད་མཁན་མང་པོ་ཞིག་ཉེ་བའི་ཟླ་ཤས་ནང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་སྙན་ངག་པ་གྲགས་ཅན་ལང་རྫིའམ། ཝུ་མི་ལཱང་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག་ཅིང་། དེ་ནི་ལིའུ་ཞའོ་པོ་རྗེས་དྲན་སྙན་རྩོམ་ཕྱོགས་བསྡུས་ཐད་རོགས་སྐྱོར་བྱས་པས་ཡིན་འདུག དེ་སྔོན་ཕྱི་ཟླ་༧ པའི་ནང་རྒྱ་ནག་གི་ཞིང་ཆེན་བཀང་ཏོང་ནས་ལིའུ་ཞའོ་པོ་རྗེས་དྲན་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་ཉུང་མཐར་མི་༩ འཛིན་བཟུང་བཀག་ཉར་བྱས་འདུག་པ་སོགས་ཀྱི་གནད་དོན་དེའི་ཐོག་ནས། རྒྱ་གཞུང་གིས་མི་མང་ལ་སྤྲད་པའི་རང་དབང་གི་གནས་སྟངས་གང་ཡིན་པ་དེ་གསལ་པོ་རྟོགས་ཐུབ་པ་ཞིག་རེད།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་ཡོད་ཀྱང་། ཆབ་འབངས་མི་སེར་གྱི་ཐོབ་ཐང་ཐོག་ནས་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད། དཔལ་འབྱོར་ཡར་རྒྱས་དང་ཁྲོམ་ར་རྒྱ་ཆེན་པོ་ཡིན་པས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས། རྒྱལ་ཁབ་སོ་སོའི་ཚོང་གི་ཁེ་ཕན་ལ་དམིགས་ནས་རྒྱ་དམར་གཞུང་གིས་མི་མང་གི་རང་དབང་དང་ཐོབ་ཐང་ལ་བརྡལ་བཤིག་གཏོང་བཞིན་པར་མ་མཐོང་མདོག་མདོག་དང་། མ་ཤེས་མདོག་མདོག་བྱེད་པ་ལས་སུ་གཅིག་གིས་རྣག་ཐོག་གཙེགས་ཁེལ་གྱི་སྐྱོན་བརྗོད་བྱེད་མཁན་ཡང་དཀོན་པོ་ཆགས་ཡོད། དེར་བརྟེན་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པ་དེ་ནི་མི་མང་གི་ཆབ་སྲིད་ཐོབ་ཐང་ཤོར་བའི་རྐྱེན་རྩ་ལྟ་བུར་འགྱུར་བཞིན་འདུག དཔལ་འབྱོར་ཁོ་ན་ལས་ཆབ་སྲིད་དང་། ཐོབ་ཐང་། རང་དབང་སོགས་ལ་བསམ་བློ་གཏོང་མི་དགོས་མཁན་ཞིག་ཡིན་ན་རྒྱ་ནག་ནང་དཀའ་ངལ་དེ་ཙམ་མེད་ཀྱང་། དཔལ་འབྱོར་ཡར་རྒྱས་སོང་བ་དང་མཉམ་དུ་ཐོབ་ཐང་དང་རང་དབང་ལ་དོ་སྣང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད།

བོད་པ་མང་པོ་ཞིག་གིས་རྒྱ་དམར་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་འགྱུར་བ་གང་ཡང་འགྲོ་མི་དགོས་པར། བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་ཞིག་རག་ན་འགྲིག་པའི་ལྟ་ཚུལ་ཁ་ཞེ་གཉིས་མེད་ཀྱིས་ཡོད་མཁན་ཡང་ཡོད་ལ། ཁག་ཅིག་གིས་ནང་དོན་ག་རེ་ཡིན་མིན་ཧ་མི་གོ་ཡང་རྒྱབ་སྐྱོར་ཡོད་ཚུལ་དང་ཡང་དག་པ་ཡིན་ཚུལ་བརྗོད་བཞིན་ཡོད། དེའི་ཐོག་ནས་ཁྱད་པར་ཆེན་པོ་མེད་ཀྱང་། རྒྱ་དམར་གཞུང་གིས་ཆབ་འབངས་མི་སེར་སྤྱི་ལ་རང་དབང་སྤྲོད་སྟངས་ཀྱི་གནས་སྟངས་འདི་འདྲ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༧༩ ལོར་ཧོང་ཀོང་རྒྱ་ནག་གི་མངའ་ཁོངས་ལྟ་བུར་སླེབས་པ་ནས་བཟུང་རིམ་བཞིན་རང་དབང་གི་གནས་སྟངས་ཞན་དུ་སོང་ཡོད། ཧོང་ཀོང་ལ་མཚོན་ན་མི་མང་ལ་འོས་ཤོག་བླུག་རྒྱུའི་ཐོབ་ཐང་ཙམ་ཡོད་པ་དང་། རྒྱ་ནག་ནང་ཁུལ་གྱི་གནས་སྟངས་དང་བསྡུར་ན་རང་དབང་ཅུང་ཙམ་ཡོད་ཀྱང་། ལོ་ལྟར་མི་མང་གི་རང་དབང་གནས་སྟངས་ལ་སྲིད་གཞུང་གིས་ཐེ་གཏོགས་མང་དུ་སོང་ནས་དེང་སྐབས་ཧ་ཅང་དཀའ་ངལ་གྱི་ནང་དུ་ཚུད་ཡོང་གི་ཡོད།

གནད་དོན་འདིའི་ཐོག་ནས་རྒྱ་གཞུང་གིས་བོད་དོན་ཐག་གཅོད་བྱ་འཆར་ཡོད་པ་གང་ཡང་མི་མངོན་ནའང་། ཐོག་མ་མིང་ཙམ་གྱིས་མི་རིགས་ས་གནས་རང་སྐྱོང་སྤྲོད་སྲིད་པའི་དབང་དུ་བཏང་ཡང་། བོད་མི་ཡོངས་ཀྱི་རང་དབང་གི་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་སྲིད་མིན་གོང་གི་གནས་སྟངས་དེ་དག་གི་ཐོག་ནས་ཤེས་ཐུབ་པ་ཞིག་རེད། དེར་བརྟེན་ཞིབ་ཏུ་བསམ་བློ་བཏང་ན་བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཞེས་པའི་གཏམ་དཔེ་འདི་ལ་རྒྱུ་མཚན་ཆེན་པོ་ཡོད་པ་ཤེས་ཐུབ། གང་ལྟར་རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱ་འཆར་མེད་ལ། བྱེད་དགོས་དོན་ཡང་མེད་ཅེས་ཡང་ཡང་བརྗོད་ཀྱི་ཡོད་ཀྱང་། སྲིད་སྐྱོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱི་སྲིད་འཛིན་སྐབས་གཉིས་པའི་དུས་སུ་ཐག་གཅོད་ཅིག་ཡོང་རྒྱུ་ཡིན་ཚུལ་བརྗོད་བཞིན་འདུག དེ་ཡང་རྩ་བས་ཚོད་དཔག་ཙམ་ཡིན་དང་། ཡང་ན་ནང་གནས་ཤིག་ཡོད་མིན་བཤད་དཀའ་ཡང་དོན་གྱིས་རེ་བ་སྟོང་པ་ལྟ་བུར་མངོན་ཡང་། མ་འོངས་པར་ང་ཚོས་རིམ་གྱིས་བལྟ་ཆོག་གི་རེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 68

Leave a Reply